R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༡བ
[A:༡༤༡བ]འབྱོར་གྱི་གཤེགས་པའི་ཚེ་དབུ་གཙུག་ནས་འོད་རིལ་མ་ཙམ་ཞིག་བར་སྣང་ལ་སོང་བ་ཀུན་གྱིས་མཐོང་བའི་རྣམ་ཐར་དང་ཚུལ་མཚུངས་པར་མངོན་ནོ། །དེ་ལྟར་བདག་ཉིད་ཆེན་པོ་འདི་ཉིད་ཞིང་གཞན་དུ་གཤེགས་པའི་དུས་དེ་དང་ཧ་ཅང་མི་རིང་བའི་སྐབས་ཤིག་རྗེ་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པ་ཉིད་རྩེ་ལྔའི་བླ་བྲང་རྫོང་དང་། མང་མཁར་གྱི་དགོན་པ་བདེ་བ་ཅན་སོགས་སུ་ཤིན་ཏུ་དབེན་པའི་ཐུགས་དམ་བཅད་རྒྱ་ལ་ཡུན་རིང་དུ་བཞུགས་པའི་དུས་ཤིག་གི་ཚེ་རྒྱལ་བ་མུས་པ་ཆེན་པོ་དང་མཇལ་འདོད་ཀྱི་ཐུགས་འདུན་ལྷག་པར་གཡོས་ནས། དེ་ནུབ་མནལ་ལམ་བཟུང་ནས་བྱང་ཕྱོགས་ཀྱི་ནམ་མཁའ་རྒྱང་རིང་པོ་ལ་འཕུར་བྱོན་པས་གླིང་དགའ་བླ་བྲང་དུ་ཕེབས་བྱུང་བ་ན་དེའི་ཚོམས་ཀྱི་བཞུགས་ཁྲི་ལ་རྗེ་མུས་ཆེན་བཞུགས་འདུག་པ་དང་མཇལ་བས་ཐུགས་དགེས་སྤྲོ་དཔག་མེད་འཁྲུངས་ཤིང་། རྗེའི་གསུང་ལས། ས་སྐྱ་ནས་ཞབས་དྲུང་བླ་བྲང་གི་ཡངས་རྩེ་ན་བཞུགས་པས་དེ་ལ་མཇལ་བ་མཛོད་ཅེས་གསུངས་བྱུང་བ་བཞིན་དེ་ལྟར་མཛད་ནས། མནལ་ལམ་ཟིན་པ་དེ་ཀའི་ངང་ནས་གླིང་དགའ་མགོན་ཁང་དེར་ཕེབས་པས་དགོན་པའི་ཆོས་སྐྱོང་གནས་པར་གྲགས་པའི་གུར་མགོན་གྱི་ཞལ་འབག་རྗེ་འཇམ་དབྱངས་སངས་རྒྱས་རིན་ཆེན་གྱི་ཕྱག་ནས་བཞུགས་པ་ཞིག་ཡོད་པ་དེ་སྐུ་མདུན་དུ་བུབ་པའི་ཚུལ་དུ་འདུག་པ་འདི་ཅིས་ལན་གསུངས་པས། དེ་ན་ཡོད་པའི་མི་འགའ་ཞིག་ན་རེ། མགོན་ཁང་གི་ཞལ་འབག་འགྱེལ་བ་འདི་ཀ་ད་ལོ་གྲུབ་ཆེན་ཏི་ལོ་པ་གནས་གཞན་དུ་གཤེགས་པའི་སྔ་ལྟས་སུ་