[A:༡༤༢ན]འདུག་ཟེར་བྱུང་བས། མནལ་སད་མ་ཐག་ཐུགས་མ་བདེ་ཞིང་མྱུར་དུ་སྐུ་མཚམས་སངས་ནས་རྗེ་བླ་མ་མཇལ་བར་མུས་ཕྱོགས་སུ་ཕེབས་བཞེད་ཀྱང་། དེ་ནས་ཡུན་རིང་མ་ལོན་པར་རྗེ་བཙུན་རྡོ་རྗེ་འཆང་དེ་ཉིད་ཞིང་གཞན་དུ་གཤེགས་པའི་ཁ་སྐད་གསན་པ་ན། ཕན་ཚུན་ཐུགས་ཡིད་གཅིག་འདྲེས་ཀྱི་བླ་མ་དེ་དང་། མཇལ་འདོད་ཐུགས་ཀྱི་ལྷག་མར་ལུས་བཞིན་དུ། དེ་མ་ཐག་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་བདག་འཇུག་བརྒྱ་རྩ་བཞེས་པ་སོགས་ཀྱི་སྒོ་ནས་དགོངས་པ་ཆོས་དབྱིངས་སུ་རྫོགས་པར་མཛད་དོ་ཞེས་ཐོས་ལ། མཚན་ལྟས་ངོ་མཚར་ཅན་དེ་ལྟ་བུ་འབྱུང་བ་ནི། བདག་ཅག་གི་བླ་མ་རྒྱལ་བ་མུས་པ་ཆེན་པོ་དེ་ཉིད་དུས་ཀྱི་དབང་གིས་གདུལ་བྱ་རྣམས་ཀྱི་སྣང་ངོར་དགེ་སློང་རྡོ་རྗེ་འཛིན་པའི་ཚུལ་བཟུང་བ་ཙམ་མ་གཏོགས་དོན་ལ་འཕགས་ཡུལ་གྱི་གྲུབ་ཆེན་ཏི་ལོ་པ་དང་སྤངས་རྟོགས་ཀྱི་ཡོན་ཏན་མཉམ་པའམ། རྣམ་པར་སྤྲུལ་པ་ཡིན་པའི་ངེས་པའི་མཚན་མ་ཡང་དག་པར་ཁོ་བོས་ངེས་ཤེས་སྙིང་ནས་རྙེད་པས་ན་རྗེས་འཇུག་སྐལ་བཟང་རྣམས་ཀྱིས་དེ་ལྟར་དུ་དགོངས་པར་མཛོད་ཅིག དེ་ལྟ་བུའི་ཡོངས་འཛིན་འབྲེལ་ཚད་དོན་ལྡན་དེ་ཉིད་ཀྱི་དྲུང་དུ། ཁོ་བོ་ཅག་རང་ལོ་བཅུ་བདུན་དུ་སླེབས་པ། རྗེ་ཉིད་དགུང་ལོ་བདུན་ཅུ་རྩ་གཉིས་སུ་ཕེབས་པ་གླང་གི་ལོ་གླིང་དགའ་བདེ་བ་ཅན་གྱི་ཆོས་གྲྭ་ཆེན་པོར་མཇལ་བ་ནས་བཟུང་། ལོ་གྲངས་དུ་མ་ཞིག་གི་བར་དད་པ་དང་གུས་པ་ཆེན་པོའི་སྒོ་ནས་རྗེ་འདིའི་ཞབས་པད་སྤྱི་བོའི་གཙུག་ཏུ་བསྟེན། འབད་པ་དང་རྩོལ་བ་ཆེན་