[A:༡༤༢བ]པོས་ཞལ་གྱི་བུམ་བཟང་ལས། བསྟན་པའི་རྩ་བ་སྡོམ་པ་གསུམ་གྱི་བཀའ་དྲིན་དང་། གཞན་ཡང་དབང་། བྱིན་རླབས། རྗེས་གནང་། བཀའ་གཏད་ཀྱི་རིགས་མང་པོ། ལུང་གི་ཚོགས་དུ་མ། གསང་སྔགས་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པའི་ཟབ་ཁྲིད་ལྔ་ཕྲག་གསུམ་ཙམ་དང་། དེ་དག་དང་འབྲེལ་བའི་མདོ་སྡེ་དང་རྒྱུད་སྡེ། རྒྱ་གཞུང་དང་བོད་གཞུང་འགྲེལ་པ་འགྲེལ་བཤད་དང་བཅས་པ་སོགས་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་བདུད་རྩི་ངོམས་པར་འཐུངས། ཁྱད་པར་དུ་རྒྱུད་སྡེའི་ངེས་གསང་། མཁའ་འགྲོའི་གསང་ཚིག རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་ཡབ་ཆོས་ཐུགས་ཀྱི་ཉིང་ཁུ་མཁའ་སྤྱོད་བསྒྲུབ་པའི་ཉེ་ལམ། ཡང་ཟབ་འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ། ན་རོ་མཁའ་སྤྱོད་དང་བཅས་པའི་དབང་དང་། བྱིན་རླབས་ཀྱི་བཀའ། བསྐྱེད་རྫོགས་ཀྱི་ཁྲིད་བཀའ་ཟབ་མོ། མན་ངག་ཞར་བྱུང་ཕྲ་མོ་ཚུན་ཆད་དང་བཅས་པ། དེ་དག་གི་རྒྱབ་རྟེན་རྒྱུད་དང་། རྒྱ་བོད་ཀྱི་གཞུང་ཚད་ལྡན་དུ་མའི་བཤད་ལུང་སོགས་མདོར་ན་རྣལ་འབྱོར་གསང་མཐའི་ཆོས་སྐོར་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་སྩལ་ཅིང་ཐུགས་རྗེའི་སྤྱན་རས་ཀྱིས་བུ་གཅིག་པ་ལྟར་འཚོ་བར་མཛད་དེ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྗེ་བཙུན་མུས་པ་ཆེན་པོ་འཁོར་ལོ་སྡོམ་པ་དེ་ཉིད་དང་། དད་ལྡན་གྱི་སློབ་བུ་བདག་ཅག་ཀྱང་བྱང་ཆུབ་བར་དུ་མི་འབྲལ་བའི་ཞལ་བཞེས་ཀྱི་བདུད་རྩི་སྙིང་ལ་སིམ་པས། དེས་ན་ཁོ་བོ་ཅག་བུ་སློབ་རྗེས་འབྲངས་དང་བཅས་པ་རྣམས་ཚེ་རབས་གཏན་ལེགས་ཀྱི་འདུན་མ་ཟིན་པར་གོར་མ་ཆག་གོ །ཨེ་མ་མཁའ་འགྲོའི་ཞལ་རླངས་