[A:༡༤༣བ]བཞིན་བྱོན་པའི་སྐྱེས་ཆེན་བགྲང་ཡས་རྣམས། །རྣལ་འབྱོར་གསང་མཐའི་ཉེ་ལམ་འདིར་ཞུགས་ནས། །མཁའ་སྤྱོད་ཉམས་དགའི་ཞིང་ཁམས་དོག་པོར་བྱས། །བདག་ཀྱང་སྔོན་གྱི་ལས་འཕྲོ་མི་དམན་པས། །འཁོར་ལོ་སྡོམ་པ་ངུར་སྨྲིག་བླ་གོས་ཅན། །ཡོངས་འཛིན་བུདྡྷའི་ཞལ་གྱི་བུམ་བཟང་ལས། །བདེ་མཆོག་ཆོས་ཚུལ་རྒྱ་མཚོའི་བདུད་རྩི་མནོས། །རང་གི་སྔོན་བསགས་རྨད་བྱུང་ལས་འཕྲོ་དང་། །ཚེ་འདིར་ཉམས་ལེན་བརྩོན་འགྲུས་ཉེར་ལེན་རྐྱེན། །འཛོམས་ན་མཁའ་སྤྱོད་བདེ་བའི་གྲོང་ཁྱེར་དེར། །ཚེགས་མེད་མྱུར་དུ་བགྲོད་ལ་སོམ་ཉི་ཅི། །དེ་ལྟ་ན་ཡང་ལེ་ལོའི་དབང་གྱུར་ཏམ། །སེམས་དང་ཉམས་ལེན་འདྲེས་པའི་ཏིང་འཛིན་ལ། །སྐད་ཅིག་ཙམ་ཡང་གནས་པའི་སྐབས་བྲལ་བའི། །བདག་འདྲ་འཆི་བའི་ཚེ་ན་ཨ་ཙ་མ། །འོན་ཀྱང་བླ་མའི་བྱིན་རླབས་སེམས་ལ་ཞུགས། །ཅི་བྱས་བསྟན་དང་འགྲོ་བའི་དོན་ཆེན་འགྲུབ། །སྡིག་བཤགས་ཉམས་ལེན་ཟབ་མོས་མཚམས་སྦྱར་ནས། །ཕྱི་མ་བདེ་ལྡན་ཞིང་དུ་སྐྱེ་བར་སྨོན། །འདི་སྦྱར་དགེ་བས་བདག་ཅག་དཔོན་སློབ་ཀྱི། །དུས་གསུམ་བསགས་པའི་སྡིག་སྒྲིབ་ཀུན་བྱང་ནས། །གནས་སྐབས་རྡོ་རྗེའི་ལུས་འདྲེས་དབང་པོ་གསལ། །ཚེ་ལ་བར་ཆད་མེད་པར་མཐར་ཕྱིན་ཤོག །བསྟན་པ་འཛིན་པའི་ཆོས་དང་རིགས་ཀྱི་བུ། །བགྲང་ཡས་འབྱུང་ཞིང་རྒྱུན་ཆད་མེད་པ་དང་། །དཔོན་སློབ་ཀུན་ཀྱང་ཕྱི་མ་ལྷན་ཅིག་པར། །ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །སླར་ཡང་གང་འདུལ་སྤྲུལ་པ་སྣ་ཚོགས་ཀྱིས། །