[A:༡༤བ]དེ་ལྟར་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས་འབྲས་བུ་རྫོགས་པའི་སངས་རྒྱས་འཐོབ་པར་གསུངས་པའི་གྲངས་མེད་ནི། མཛོད་རང་འགྲེལ་དང་། ཐུབ་པ་དགོངས་རྒྱན་སོགས་ལས། གྲངས་ཀྱིས་བགྲང་དུ་མེད་པའི་གྲངས་མེད་མ་ཡིན་པར། གྲངས་ཀྱི་གནས་གཞན་དྲུག་ཅུར་ཕྱིན་པའི་གྲངས་མེད་ལ་བཤད་པ་ལྟར་འཐད་པ་ཡིན་ཞིང་། དེ་དག་གང་ཞེ་ན། མཛོད་རང་འགྲེལ་ལས། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཕྲག་ཁྲིག་རབ་བཀྲམ་དང་། །གཏམ་དཀྲིགས་མི་འཁྲུག་ཁྱད་ཕྱིན་དང་། །སྤངས་རྟེན་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིགས་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིང་རྡུལ་དང་། །བརྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཉལ་ཉུལ་དང་། །ཝལ་ཝོལ་ཁྱད་ཁྱུད་ཕྱན་ཕྱིན་རྣམས། །ཆེན་པོར་བྱས་ཏེ་བགྲང་བར་བྱ། །གྲངས་མེད་པ་ནི་ཐ་མ་ཡིན། །གནས་གཞན་དྲུག་ཅུ་པར་ནི་གྲགས། །ཞེས་པ་ལྟར། གཅིག་ནས་དུང་ཕྱུར་གྱི་བར་རྐྱང་པར་བགྲངས། དེ་ནས་ཐེར་འབུམ་ཐེར་འབུམ་ཆེན་པོ་ནས། ཕྱན་ཕྱིན། ཕྱན་ཕྱིན་ཆེན་མོའི་བར་བགྲངས་པས་ལྔ་བཅུ་ང་དགུ དེ་ནས་གྲངས་མེད་པ་བསྣན་པས་དྲུག་ཅུར་བགྲངས་པའི་གྲངས་མེད་ཅེས་པ་དེ་ཡིན་ལ། དྲངས་མ་ཐག་པའི་གྲངས་ཀྱི་སྡོམ་དེ་མཛོད་འགྲེལ་ལས་འབྱུང་ཡང་། གྲངས་མེད་ཀྱི་གོང་གི་ཉལ་ཉུལ། ཉལ་ཉུལ་ཆེན་པོ་སོགས་བརྒྱད་ནི་མཛོད་འགྲེལ་ཉིད་དུ་མི་གསལ་བ། པཎ་ཆེན་ཤཱཀྱ་ཤྲཱིས་སིལ་བུའི་མདོ་ནས་ཁ་བསྐངས་པ་ཡིན་པར་བཤད་དོ། །འོ་ན་དེ་ལྟ་