R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥ན
[A:༡༥ན]བུའི་གྲངས་མེད་ཀྱི་མགོ་གང་ནས་འཛིན་པ་ཡིན་སྙམ་ན། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ནས་མགོ་བརྩམས་པ་མ་ཡིན་ཏེ། དཀོན་མཆོག་སྤྲིན་ལས། ནམ་བྱང་ཆུབ་སེམས་དཔའ་ཆོས་མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་ནས་བརྩམས་ཏེ་བསྐལ་པ་རྣམས་བགྲང་བར་བྱ་ཡི། ཐོག་མའི་སེམས་ནས་བརྩམས་ཏེ་དེ་ནི་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེས་ན་ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང་། །སེམས་གཏན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་པ་ཡིན། །ཞེས་པའི་འགྲེལ་པར་གསུངས་པ་ལྟར། བཟང་ནི་དགེ་བ་དང་། སྨོན་པ་ནི་སྨོན་ལམ་དེ་གཉིས་ཀྱི་སྟོབས་ཅན་ཏེ། དགེ་བའི་སྟོབས་དང་ལྡན་པས་དགེ་བའི་མི་མཐུན་ཕྱོགས་ཟིལ་གྱིས་གནོན་ནུས་པ། སྨོན་ལམ་གྱི་སྟོབས་ཅན་ཡིན་པས་རྟག་ཏུ་དགེ་བའི་བཤེས་གཉེན་དང་འཕྲད་པ། མི་དགེ་བའི་གྲོགས་པོ་མོས་པ་ལྡོག་ཀྱང་བྱང་ཆུབ་ཀྱི་སེམས་མི་གཏོང་བས་སེམས་བརྟན་པ། ཁྱད་པར་འགྲོ་བ་སྟེ། མཐོང་ཆོས་ཚེ་འདི་ནས། མ་མཐོང་བ་ཚེ་རབ་ཕྱི་མ་ལ་དགེ་བའི་ཆོས་འཕེལ་ཞིང་མི་ཉམས་པར་ཡོན་ཏན་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པ་སྟེ། མདོར་ན་ཚོགས་ལེགས་པར་དགེ་བའི་སྟོབས་ཅན་དང་། སྨོན་ལམ་གྱི་སྟོབས་ཅན་དང་། རྐྱེན་དབང་གིས་བྱང་སེམས་མི་གཏོང་བའི་སེམས་བརྟན་པ་དང་། ཡོན་ཏན་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པ་སྟེ། ཡོན་ཏན་བཞི་པོ་དེ་དག་དང་ནམ་ལྡན་པ་ནས་གྲངས་མེད་གསུམ་དུ་ཚོགས་བསག་པའི་འགོ་རྩོམ་པ་ཡིན་ནོ། །གསུམ་