R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥བ
[A:༡༥བ]པ་ཇི་ལྟར་བསོག་པའི་ཚུལ་ནི། གྲངས་མེད་དང་པོ་ནི། སྟོན་པ་འདི་རྒྱལ་པོའི་ཕོ་བྲང་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ་རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་སྲས་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་འོད་འཕྲོའི་ཕུང་པོ་ཆེན་པོ་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཅིང་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ཏེ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་ཐོབ་པར་གྱུར་ཏོ། །གྲངས་མེད་གཉིས་པ་ནི། དེ་ནས་གྲོང་ཁྱེར་འཛམ་བུ་ཆུ་བོའི་གསེར་དུ་སྟོན་པ་འདི་རྒྱལ་པོ་མཛེས་པར་སྣང་བའི་གནས་ཆེན་པོར་ཚོང་དཔོན་ཤེས་རབ་བཟང་པོར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཅིང་རྗེས་སུ་བསྟན་པ་ནས་བཟུང་སྟེ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བདུན་པ་ནོན་པར་གྱུར་ཏོ། །དེ་ནས་གྲངས་མེད་གསུམ་པ་ནི། སྟོན་པ་འདི་བྲམ་ཟེའི་ཁྱེའུ་གཞོན་ནུ་སྤྲིན་དུ་གྱུར་པ་ན། བྲམ་ཟེ་རིན་པོ་ཆེ་ལ་རིག་བྱེད་བསླབས་ནས། དེ་ལ་བསྙེན་བཀུར་གྱི་རྒྱུ་བཙལ་བའི་ཕྱིར་ཡུལ་དབུས་ཀྱི་གྲོང་ཁྱེར་དག་ཏུ་ལྗོངས་རྒྱུར་སོང་སྟེ་མཐར་གྱིས་རྒྱལ་པོ་དགྲ་ཐུལ་གྱི་ཕོ་བྲང་པདྨོ་ཅན་ཞེས་བྱ་བའི་ཚོང་འདུས་ཀྱི་དབུས་སུ་ཕྱིན་ཏེ། དེའི་ཚེ་བྲམ་ཟེ་མར་མེའི་བདག་པོའི་སྲས་དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན་པ་ལ་ལྷ་རྣམས་ཀྱིས་མེ་ཏོག་དང་སིལ་སྙན་གླུ་དབྱངས་དང་བཅས་པས་མཆོད་པ་མཐོང་ནས། ཁྱོད་ཅི་ཞིག་བྱེད་དྲིས་པས། ཁྱོད་ཀྱིས་མི་ཤེས་སམ་འདི་ན་སངས་རྒྱས་མར་མེ་མཛད་