[A:༡༦ན]བཞུགས་སོ་ཟེར་བ་ན། བྲམ་ཟེ་དེ་ཀྱི་ཕུང་བྱེད་ཅིང་། སངས་རྒྱས་འབྱུང་བ་ནི་རྙེད་པར་དཀའ་བས། བདག་གིས་སློབ་དཔོན་གྱི་ཡོན་ཕྱིས་བཙལ་བར་བྱས་ལ། ཀརྴ་པ་ནི་ལྔ་བརྒྱ་པོ་འདིས་སངས་རྒྱས་ལ་མཆོད་པའི་རྒྱུ་བྱའོ་སྙམ་དུ་དགོངས་ནས་བྱོན་པ། བྲམ་ཟེའི་བུ་མོ་བཟང་ལྡན་མས་མེ་ཏོག་ཨུཏྤལ་ལ་བདུན་ཁྱེར་ནས་འོངས་པ་དང་འཕྲད། བྲམ་ཟེའི་ཁྱེའུ་དེས་བུ་མོ་མེ་ཏོག་འདི་དག་ང་ལ་ཚོངས་ཤིག་སངས་རྒྱས་ལ་མཆོད་པ་བྱའོ་གསུངས་པས། དེས། གལ་ཏེ་ཁྱོད་སྐྱེ་བ་ཐམས་ཅད་དུ་བདག་གི་ཁྱིམ་ཐབས་སུ་དམ་བཅའ་ན་སྦྱིན་ནོ་ཟེར་བ་ལ། ཁྱེའུས་བུ་མོ་ཁྱོད་དེ་སྐད་མ་ཟེར། ཁྱོད་ནི་གཡེང་ཞིང་རྒོད་ལ། ཁོ་བོ་སངས་རྒྱས་ཀྱི་ཆོས་དཀའ་བ་དཔག་ཏུ་མེད་པ་བསྒྲུབ་པའི་བར་ཆད་མ་བྱེད་ཅིག་གསུངས་པས། དེས། གལ་ཏེ་ཁྱེད་ལུས་ཀྱི་ཤ་ཡུངས་འབྲུ་ཙམ་དུ་བཅད་དེ་སྟེར་ཡང་སྦྱིན་པའི་བར་ཆད་མི་བྱེད་དོ་ཟེར་བས། འོ་ན་དེ་ལྟར་བྱའོ་གསུངས་ཏེ་བྲམ་ཟེའི་བུ་མོ་བཟང་ལེན་ལྡན་མས་མེ་ཏོག་བཙོངས་པའི་དྲིན་ལན་དུ་སྐྱེ་བ་ཐམས་ཅད་དུ་ཁྱིམ་ཐབས་སུ་ཁས་བླངས་ཤིང་། ཨུཏྤལ་ལྔ་ཉོས་ནས་སངས་རྒྱས་ལ་གཏོར་ཏེ། ཀྲྀཥྞ་ས་རིའི་པགས་པ་བཏིངས་ནས། དེ་བཞིན་གཤེགས་པ་བདག་གི་ལྷག་པའི་བསམ་པ་མཁྱེན་པར་མཛོད། རི་དྭགས་ཀྱི་པགས་པ་འདི་ལ་ཞབས་འཇོག་པར་མཛོད་ཅིག་ཅེས་བསྐུལ་བས་ན། སངས་རྒྱས་ཀྱིས་དེར་བྱོན་པས་དགེས་པར་བྱས་ཏེ་རལ་པ་གསེར་གྱི་མདོག་ཅན་གདན་དུ་བཏིངས་ནས། མར་མེ་མཛད་ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་འདི་ལ་ཞབས་མི་འཇོག་གི་ལུང་མི་སྟོན་ན་འདི་ཉིད་དུ་ལུས་