[A:༡༦བ]བསྐམ་པར་བྱའོ། །ཞེས་ཡིད་དམ་བརྟན་པོར་བཅས་པ་དང་། སྟོན་པས་ཞབས་བཞག་སྟེ། དགེ་སློང་དག་ཁྱེད་ཀྱིས་ཁྱེའུ་འདིའི་སྐྲ་ལ་རྡོག་པ་མ་འཇོག་ཅིག དེ་ཅིའི་ཕྱིར་ཞེ་ན། འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་མཆོད་གནས་ཡིན་ཏེ། མ་འོངས་པའི་དུས་སུ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དང་། བྲམ་ཟེའི་ཁྱེའུ་དེ་དགའ་ཆེས་ཏེ། ཤིང་རྟ་ལ་བདུན་སྲིད་དུ་ནམ་མཁའ་ལ་འཕགས་ཏེ། ཏིང་ངེ་འཛིན་བརྒྱ་སྟོང་ཡང་མངོན་དུ་བྱས། ས་བརྒྱད་པ་ཐོབ་པ་དེ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་མར་མེ་མཛད་ལ་ཨུཏྤལ་ལྔས། །གཏོར་ཏེ་རལ་པ་གདན་དུ་བཏིངས་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། །ཅེས་དང་། ལུང་ལས་ཀྱང་། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཅེས་གསུངས་པས་སོ། །དེ་ནས་བཟུང་སྟེ་བརྒྱ་བྱིན་མིག་བཟང་ལ་སོགས་པའི་སྐྱེ་བ་མང་དུ་བཞེས་ནས་སེམས་ཅན་གྱི་དོན་མཛད་པའི་མཐར། བསྐལ་པ་འདིའི་ཚེ་ལོ་ཉི་ཁྲི་པ་ལ་གྲོང་ཁྱེར་ཉེར་ལྡན་དུ་སངས་རྒྱས་འོད་སྲུང་བྱོན་པའི་ཚེ། བྲམ་ཟེའི་ཁྱེའུ་བླ་མར་གྱུར་པའི་བར་ལ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བཅུ་རྫོགས། དེ་ལྟར་གྲངས་མེད་གསུམ་དུ་ཚོགས་བསགས་པས་གནས་སྐབས་དག་ཏུ་སངས་རྒྱས་བྱེ་བ་དུ་མར་བསྙེན་བཀུར་ཅིང་ཆོས་གསན་པ་ཡིན་ཏེ། ཟླ་བ་སྒྲོན་མར། སངས་རྒྱས་དག་ནི་བྱེ་བ་ཕྲག་ཁྲིག་དང་། །དེ་ལས་ལྷག་པའི་གངྒའི་བྱེ་མ་སྙེད། །ཀུན་ཀྱང་བྱ་རྒོད་ཕུང་པོ་