[A:༡༧ན]འདིར་བཞུགས་ཏེ། །མི་དབང་དེ་ཀུན་ང་ཡིས་བཀུར་སྟི་བྱས། །ཞེས་གསུངས་པས་སོ། །གསུམ་པ་མཐར་སངས་རྒྱས་པའི་ཚུལ་ལ། སངས་རྒྱས་ཀྱི་རང་བཞིན་བཤད་པ། ངེས་དོན་དུ་སངས་རྒྱས་པའི་ཚུལ། དྲང་དོན་དུ་མཛད་པ་རྣམས་མཛད་པའི་ཚུལ་དང་གསུམ་ལས། དང་པོ་ནི། སྤྱིར་སངས་རྒྱས་ཀྱི་རང་བཞིན་ལ་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་དང་གསུམ་དུ་འཆད་པ་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔར་འཆད་པ་དང་། སྤངས་རྟོགས་འཕྲིན་ལས་གསུམ་དུ་འཆད་པ་དང་། ཕུན་སུམ་ཚོགས་པ་གཉིས་སམ་གསུམ་དུ་འཆད་པ་ལ་སོགས་པ་བཤད་ཚུལ་ཆེས་མང་བ་ཞིག་ཡོད་ན་ཡང་། སྐུ་གསུམ་མམ་བཞི་དང་། ཡེ་ཤེས་ལྔ་པོ་རྣམས་ཀྱིས་སངས་རྒྱས་ཀྱི་སའི་ཡོན་ཏན་ནམ་རང་བཞིན་ཐམས་ཅད་བསྡུས་པར་བཤད་པ་ཡིན་ཅིང་། དེའི་དང་པོ་སྐུ་ལ་ཡང་། ཆོས་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུ་མཛད་པ་འཕྲིན་ལས་དང་བཞིར་ཡོད་དེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པས་སོ། །ཡང་བསྡུ་ན་སྐུ་དང་པོ་གསུམ་པོ་དེར་ངེས་པ་ཡིན་ཏེ། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་པར་བྱ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཅེས་ལོངས་སྐུ་རང་དོན་དང་། སྤྲུལ་སྐུ་གཞན་དོན། དེ་གཉིས་ཀའི་རྟེན་ཆོས་སྐུ་དང་གསུམ་དུ་ངེས་པས་སོ། །