[A:༡༧བ]འོ་ན་ཅིའི་ཕྱིར་ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་ཞེས་བྱ་ཞེ་ན། ཟག་མེད་ཀྱི་ཆོས་བསགས་པས་ཆོས་སྐུའམ། ཡང་ན་བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །རིགས་པའི་རྗེས་འབྲངས་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ནི་ཆོས་སྐུ་ཡིན། །ཞེས་པ་ལྟར། ཆོས་ཐམས་ཅད་ལ་གདོད་མ་ནས་ཁྱབ་པ་དང་། ཡོན་ཏན་བསམ་ཡས་ཀྱི་རྟེན་བྱེད་པ་དང་། ངོ་བོ་ཉིད་དུ་གྲུབ་པས་ཆོས་སྐུ་ཞེས་བྱ་ལ། ཐེག་པ་ཆེན་པོའི་ཆོས་ལ་ཡོངས་སུ་རྫོགས་པར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་སྟེ། སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད། །ཅེས་པ་དང་། འདི་དེ་ཆོས་རྫོགས་ལོངས་སྤྱོད་པས། །ཞེས་དང་། ཆོས་ལ་རྫོགས་ལོངས་སྤྱོད་སྟོན་ཕྱིར། །ཞེས་གསུངས་པས་སོ། །ངེས་པར་འགྱུར་བའམ། རྒྱུན་མི་བརྟན་པའམ། ངེས་པར་གཞན་དུ་སྤྲུལ་ཞིང་བསྒྱུར་བས་སྤྲུལ་སྐུ་སྟེ། དཔག་མེད་བསམ་ཡས་སྤྲུལ་པ་སྟེ། །སེམས་ཅན་དོན་ཀུན་བསྒྲུབ་པའོ། །ཞེས་གསུངས་པ་ལྟར་རོ། །བརྟེན་པ་ཡེ་ཤེས་ནི་ལྔ་སྟེ། སངས་རྒྱས་པའི་མདོ་ལས། ཆོས་ལྔས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུས་ཏེ། ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཞེས་པ་ལྟར་རོ། །དེས་ན་སངས་རྒྱས་ཀྱི་རང་བཞིན་ནི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་ཞིང་། རྣམ་པར་མི་རྟོག་བཞིན་དུ་མཁྱེན་བརྩེ་ནུས་པའི་སྒོ་ནས་སེམས་ཅན་གྱི་དོན་འབད་མེད་འབྱུང་