R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨ན
[A:༡༨ན]བའི་ཡེ་ཤེས་ཀྱི་སྐུ་སྟེ་སྐུ་གསུམ་གྲུབ་པ་ལས། དྲི་མེད་དེ་བཞིན་ཉིད་དང་ནི། །མི་རྟོག་ཡེ་ཤེས་མ་གཏོགས་པ། །སངས་རྒྱས་རྣམས་ཀྱི་ཆོས་གཞན་ནི། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ཉིད་ཟག་མེད་ཀྱི་ཡོན་ཏན་དང་དབྱེར་མི་ཕྱེད་པའི་དབྱིངས་དག་པ་གཉིས་ལྡན་མངོན་དུ་གྱུར་པའི་ཆ་ནས་ངོ་བོ་ཉིད་སྐུ་སྟེ། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་སོ། །དེ་ཉིད་འོག་མིན་ཆེན་པོར་རྒྱལ་སྲས་འཕགས་པ་རྣམས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུར་བསྟན་ནས་ཐེག་པ་ཆེན་པོའི་ཆོས་ལ་རྒྱུན་མི་ཆད་པར་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པས་སོ། །དེ་ཉིད་གདུལ་བྱ་མཐའ་ཡས་པའི་བསམ་པ་དང་མཐུན་པར་རྣམ་འཕྲུལ་སྣ་ཚོགས་པས་སེམས་ཅན་གྱི་དོན་རྒྱུན་མི་ཆད་པར་མཛད་པའི་སྤྲུལ་པའི་སྐུ་སྟེ། གང་གི་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་པས་སོ། །དེ་ལྟ་བུའི་ཆོས་སྐུ་དེ་ལ་དབྱེ་ན་ཆོས་ཅན་དང་ཆོས་ཉིད་ཀྱི་ཆོས་སྐུའམ། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་སྐུ་གཉིས་སམ། ངོ་བོ་ཉིད་སྐུ་དང་། རྟོགས་པ་ཡེ་ཤེས་ཆོས་སྐུ་གཉིས་སུ་ཡོད་དེ།