R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨བ
[A:༡༨བ]གསེར་འོད་དམ་པ་ལས། དེ་ཁོ་ན་ཉིད་དང་ཡང་དག་པའི་ཡེ་ཤེས་ཉིད་ཙམ་དུ་གནས་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །ཞེས་གསུངས་པས་སོ། །ལོངས་སྐུ་ལ་ས་བཅུ་པ་ཡན་ཆད་ཐོབ་པ་ཁོ་ནའི་ཡུལ་གྱི་ལོངས་སྐུ་དང་། ས་ཐོབ་པ་ཐམས་ཅད་ཀྱི་ཡུལ་དུ་གྱུར་པའི་ལོངས་སྐུ་གཉིས་སུ་ཡོད་མོད་ཀྱང་། དང་པོ་མཚན་ཉིད་པ་དང་། ཕྱི་མ་བཏགས་པ་བར་དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས་བཤད་པ་ལྟར་དོན་ལ་གནས་སོ། །སྤྲུལ་སྐུ་ལ་ནི། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་པ་ལྟར་བཞི་ལས། མཆོག་གི་སྤྲུལ་སྐུ་ནི། ཐེག་པ་ཆེན་པོའི་སྦྱོར་ལམ་དྲོད་ཡན་ཆད་ནས་ནམ་འདོད་དུ་མཐོང་ཞིང་། ཚོགས་ལམ་ཆེན་པོ་ནས་ཀྱང་ཕ་རོལ་མཐོང་སྟེ་ཞེས་བུ་སྟོན་གྱིས་བཤད་ལ་སྐྱེ་བ་སྤྲུལ་སྐུ་སོགས་ནི་གང་ལ་གང་འདུལ་ལ་སྣང་སྟེ། གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །ཞེས་གསུངས་པས་སོ། །གཉིས་པ་ངེས་དོན་དུ་སངས་རྒྱས་པའི་ཚུལ་ནི། དེ་ལྟ་བུའི་སྐུ་གསུམ་མངའ་བའི་སངས་རྒྱས་རྣམས་ཐོག་མར་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པ་ཡིན་ཞིང་། སངས་རྒྱས་པའི་རྒྱུ་ནི་དཀའ་བ་དཔག་ཏུ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པ་སྟེ། ཡན་ལག་བདུན་ལྡན་ལས། ཚོགས་གཉིས་དག་ནི་རྫོགས་པ་ལས། །བྱང་ཆུབ་རྒྱུ་གཞན་ཡོད་མ་ཡིན། །ཞེས་པ་ལྟར་རོ། །སངས་རྒྱས་པའི་དུས་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་སངས་རྒྱས་