[A:༡༩ན]ནས། གདུལ་བྱ་འདུལ་བའི་ཕྱིར་དུ་སངས་རྒྱས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྟན་ཅིང་། སླར་ཡང་སྟོན་པར་འགྱུར་བ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། སེམས་ཅན་རྣམས་ལ་ཐུགས་བརྩེ་ཞིང་། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །དཔའ་བོ་ཆེན་པོ་རྣམ་པར་འཕྲུལ། །བྱེ་བ་བརྒྱད་བཅུར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཆོག་པའི་འདུ་ཤེས་གསལ། །ཞེས་དང་། ད་དུང་དང་པོར་ཐུགས་བསྐྱེད་པར། །དེ་དང་དེར་ནི་ཡོངས་བསྟན་ཏེ། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་སོ། །སངས་རྒྱས་པའི་གནས་ནི། འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ལོངས་སྤྱོད་རྫོགས་པའི་སྐུ་རྟེན་ལ་དོན་དམ་ཆོས་སྐུ་མངོན་དུ་མཛད་ཅིང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་སུ་སྤྲུལ་པའི་སྐུས་གཅིག་ཅར་བྱང་ཆུབ་པ་ལ་སོགས་པའི་ཚུལ་སྟོན་པར་མཛད་པ་སྟེ། ངག་དབང་གྲངས་པས། དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང་། །དགའ་ལྡན་སྐྱེ་བོའི་ཕྱིར་ནི་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་གང་། །འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་གྱུར་ཅིག །ཅེས་སོ། །ཚུལ་ཇི་ལྟར་དུ་སངས་རྒྱས་པ་ཡིན་ཞེ་ན། ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བག་ཆགས་དང་བཅས་པའི་དྲི་མ་ཤིན་ཏུ་ཕྲ་བ་རྣམས་ཀྱང་སླར་མི་ལྡོག་པའི་ཚུལ་དུ་སྦྱངས་པས་སྤངས་པ་མཐར་ཕྱིན་པ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མ་ལུས་པ་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་བརྙེས་པས་རྟོགས་པ་མཐར་ཕྱིན་པའི་