R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩བ
[A:༡༩བ]བྱང་ཆུབ་ཆེན་པོ་ཐོབ་པ་སྟེ། དཔེར་ན་རིན་པོ་ཆེའི་རང་བཞིན་གྱི་དག་པ་སྣོད་ཀྱི་སྒྲིབ་བྱེད་བསལ་ནས་མངོན་སུམ་དུ་གྱུར་པ་ལྟ་བུ་སྟེ། མདོ་སྡེ་རྒྱན་ལས། དཀའ་སྤྱད་དཔག་མེད་བརྒྱ་ཕྲག་དང་། །དཔག་མེད་དགེ་བ་བསགས་པ་དང་། །དཔག་ཏུ་མེད་པའི་དུས་དང་ནི། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་ངེས་དོན་དུ་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུར་རོ་གཅིག་ཅིང་། དྲང་དོན་དུ་གཟུགས་ཀྱི་སྐུ་སྔོན་གྱི་སྨོན་ལམ་གྱི་རྗེས་སུ་འབྲངས་པའི་ཕྱིར། སངས་རྒྱས་རྣམས་གཅིག་ཀྱང་མ་ཡིན་ལ། མང་པོའང་མ་ཡིན་ཞིང་། གཅིག་དང་ཐ་དད་གང་དུའང་མ་གྲུབ་སྟེ། མདོ་སྡེ་རྒྱན་ལས། ཟག་མེད་དབྱིངས་ལས་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང་། །སྔོན་གྱི་ལུས་རྗེས་འབྲངས་པའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཞེས་པ་དང་། ཐ་དད་རིགས་དོན་མེད་ཕྱིར་དང་། །རྫོགས་དང་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མིན་ཕྱིར་མང་པོའང་མིན། །ཞེས་གསུངས་པས་ས། །དེ་ལྟར་སངས་རྒྱས་རྣམས་ཐོག་མར་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་པར་བཤད་པའི་འོག་མིན་དེ་ལ་ཁ་ཅིག ལང་ཀར་གཤེགས་པ་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་ཏུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱ་འོ། །ཞེས་དང་། སློབ་