[A:༢༠ན]དཔོན་ཀ་རྨ་པ་ལ་ཤཱི་ལས་ཀྱང་། འོག་མིན་ཞེས་བྱ་བ་ནི་ལྷ་དག་སྟེ། དེ་དག་གི་ཕྱོགས་གཅིག་ན་གནས་གཙང་མའི་རིགས་ཀྱི་ལྷ་རྣམས་ཡོད་དེ། དེར་འཕགས་པ་ཉིད་འབའ་ཞིག་གནས་སོ། །དེ་དག་གི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བ་ཡོད་དེ། དེར་ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་ཁོ་ན་སྐྱེ་བ་བཞེས་པ་ཡིན་ལ། འདིར་ནི་དེ་ལྟ་བུའི་སྤྲུལ་པ་དམིགས་པ་ཡིན་ནོ། །ཞེས་གསུངས་པས་སྟོན་པ་འདི་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པའི་གནས་ཀྱི་འོག་མིན་ནི། གཟུགས་ཁམས་ཀྱི་འོག་མིན་འདིའི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བའི་གནས་ཤིག་ཡོད་པ་དེ་ཡིན་ནོ་ཞེས་འདོད། དེ་ལ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་ལས། དེ་ནི་མ་ཡིན་ཏེ། དེ་ལྟར་བཤད་པའི་གཞུང་ཡང་མ་མཐོང་ལ། དེའི་སྟེང་ན་གནས་གཞན་ཡོད་ཀྱང་། ས་བཅུ་པ་རྣམས་ཀྱི་གནས་སུ་བཤད་ཀྱིས། ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་སུ་མ་བཤད་དོ། །དེས་ན་དེ་དག་འཇིག་རྟེན་གྱི་ཁམས་ཆུང་ངུ་ཡིན་ནོ། །ཡང་དེ་དག་འཇིག་པ་ལ་བརྟེན་པས་འཇིག་རྟེན་གྱི་ཁམས་ཞེས་པ་མི་རྟག་པ་ཡིན་ལ། སྟུག་པོ་བཀོད་པ་ནི་མི་འཇིག་སྟེ། རྡོ་རྗེ་རྩེ་མོ་ལས། འོག་མིན་སྟུག་པོ་ཉམས་དགའ་འདིར། །སྟུག་པོའི་ཞིང་ཁམས་འཇིག་མེད་པ། །དེས་ན་སངས་རྒྱས་རྣམས་ཀྱི་ཆོས། །རྫོགས་པར་ལོངས་སྤྱོད་ཚུལ་འདི་འབྱུང་། །ཞེས་གསུངས་པས་སོ། །ཞེས་བཤད་ཅིང་། རང་གི་བཞེད་པ་འགོད་པ་ན། འོ་ན་གང་ཡིན་ཞེ་ན། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་འབྱུང་བ་