[A:༢༠བ]སྟེ། དེའང་འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུ་དུ་མ་ནང་དུ་ཆུད་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་ཡིན་ལ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཡེ་ཤེས་གངས་ཆེན་མཚོའི་ཕྱག་གི་མཐིལ་ན་གནས་སོ། །བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཁོར་དང་བཅས་ཏེ་གང་ན་བཞུགས་པའི་གནས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ཡིན་ལ། དེའི་ནང་ན་གནས་པའི་དུམ་བུ་ཐམས་ཅད་ནི་སྤྲུལ་པའི་སྐུའི་སངས་རྒྱས་ཀྱི་གནས་ཡིན་ཏེ། དེ་ཡང་བློ་གྲོས་ཀྱི་རིམ་པས་ཁ་ཅིག་ལ་ནི་འཛམ་བུའི་གླིང་དུ་སངས་རྒྱས་པར་སྣང་ལ། ཁ་ཅིག་ལ་གནས་གཙང་མའི་འོག་མིན་ཏུ་སངས་རྒྱས་ནས་མཛད་པ་མཛད་པར་སྣང་ལ། བྱང་ཆུབ་སེམས་དཔའ་ཁ་ཅིག་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱར་སངས་རྒྱས་པར་མངོན་ནོ། །ཁ་ཅིག་ལ་ནི་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་མཐའ་དག་གིས་སངས་རྒྱས་གཅིག་ཏུ་བསྟན་ཏེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང་། འཕགས་པ་མི་གཡོ་བའི་རྟོག་པ་ཆེན་པོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདི་ཐམས་ཅད་འོད་ཀྱིས་ཁྱབ་པར་མཛད་དེ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། དེ་བས་ན་བློ་གྲོས་རྒྱ་ཆེ་ཆུང་གི་དབྱེ་བས་སྣ་ཚོགས་སུ་སྣང་བ་ནི་སྤྲུལ་པའི་སངས་རྒྱས་ཀྱི་