R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡ན
[A:༢༡ན]གནས་སོ་ཞེས་གསུངས་པས། གནས་གཙང་མའི་གཟུགས་ཁམས་ནི་ལོངས་སྐུའི་ཞིང་འོག་མིན་ཏུ་མདོ་སྔགས་གང་གི་ལུགས་ལ་ཡང་མི་འཐད་དེ། ལང་གཤེགས་ལས། གཙང་མའི་རིགས་དག་སྤངས་པ་ཡིས། །འོག་མིན་ཞེས་བྱ་ཉམས་དགའ་འདི། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་དང་། སློབ་དཔོན་ཀུན་སྙིང་གིས་དེ་ཉིད་འདུས་པའི་གླེང་གཞིར་བཅོམ་ལྡན་འདས་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་ཏེ། ཞེས་པའི་འགྲེལ་པར། འོག་མིན་གྱི་ལྷ་ཞེས་བྱ་བ་ནི་ཐོག་མའི་ལྷ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྲས་ཀྱི་ཐུ་བོ་སྟེ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་འོ། །དེའི་གནས་ནི་ཐོག་མར་སངས་རྒྱས་པའི་གནས་སོ། །ཞེས་གསུངས་པ་དང་། གཞན་ཡང་སྟུག་པོ་བཀོད་པའི་ཞིང་ནི་མི་འཇིག་པར་རྡོ་རྗེ་རྩེ་མོའི་ལུང་གོང་དུ་དྲངས་པ་དེས་ལེགས་པར་འགྲུབ་ཅིང་། གཟུགས་ཁམས་ཀྱི་འོག་མིན་ནི་འཇིག་པར་བཤད་དེ། སློབ་དཔོན་དབྱིག་གཉེན་གྱིས། བཞི་པ་ན་མེད་མི་གཡོའི་ཕྱིར། །ཞེས་བསམ་གཏན་བཞི་པའི་གནས་བརྒྱད་པོ་དེ་མི་གཡོ་བར་བཤད་པའི་དོགས་སྤོང་དུ། མི་རྟག་དེ་ཡི་གཞལ་ཡས་ཁང་། །སེམས་ཅན་བཅས་པ་འབྱུང་འཇིག་ཕྱིར། །ཞེས་བསམ་གཏན་གསུམ་པ་མན་ཆད་ལྟར་མེ་ཆུ་རླུང་གསུམ་གྱིས་མི་འཇིག་ཀྱང་མཐར་འཇིག་པར་བཤད་པའི་ཕྱིར། འོ་ན། གཟུགས་ཀྱི་ཁམས་ཀྱི་འོག་མིན་ཏུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱ་འོ། །ཞེས་པ་དང་། གོང་གི་ཀཱ་མ་ལ་ཤཱི་ལའི་ལུང་དེའི་དོན་གང་ཞེ་ན། རྒྱུད་སྡེ་སྤྱི་རྣམ་ལས་གསུངས་པ་ལྟར། དེ་དག་ནི་སྤྲུལ་