R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡བ
[A:༢༡བ]སྐུའི་གནས་ལ་དགོངས་པ་ཡིན་ཏེ། སྤྱིར་སྤྲུལ་སྐུའི་གནས་དེ་ལ་གདུལ་བྱ་རྣམས་ཀྱི་བློ་གྲོས་ཀྱི་རིམ་པས་འཛམ་བུའི་གླིང་དུ་སངས་རྒྱས་པར་སྣང་བ་དང་། གནས་གཙང་མའི་འོག་མིན་ཏུ་སངས་རྒྱས་པར་སྣང་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་པར་སྣང་བ་དང་། གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་གཅིག་ཏུ་གྱུར་པར་བསྟན་པ་སོགས་གདུལ་བྱ་ལ་སྣང་ཚུལ་མང་དུ་ཡོད་པ་ལས། བྱང་སེམས་ཁ་ཅིག་ལ་གཟུགས་ཁམས་ཀྱི་འོག་མིན་ཏུ་སྤྲུལ་པའི་སྐུ་དེ་ཉིད་སངས་རྒྱས་པར་སྣང་བ་ལ་དགོངས་ནས། གཟུགས་ཀྱི་ཁམས་ཀྱི་འོག་མིན་ཏུ། །ཞེས་སོགས་གསུངས་པ་ཡིན་པར་བཤད་དོ། །གསུམ་པ་དྲང་དོན་དུ་མཛད་པ་རྣམས་མཛད་པའི་ཚུལ་ནི། སྟུག་པོ་བཀོད་པའི་མདོ་ལས། སངས་རྒྱས་ཐམས་ཅད་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་གསུངས་པས། ཐོག་མར་འོག་མིན་ཏུ་སངས་རྒྱས་ནས། གཟོད་འདོད་པའི་ཁམས་སུ་མཛད་པ་རྣམས་སྟོན་པར་བཤད་པ་ཡིན་ཞིང་། དེ་ལྟ་བུའི་སངས་རྒྱས་ཀྱི་མཛད་པ་ལ་སྤྱིར་བསམ་གྱིས་མི་ཁྱབ་ཀྱང་། གྲངས་ལ་དགའ་བའི་གདུལ་བྱ་རྣམས་རྗེས་སུ་བཟུང་བ་དང་། གཙོ་བོའི་མཛད་པ་ཉེ་བར་བཟུང་ནས། དུས་ཀྱི་འཁོར་ལོ་ལས། འདི་རྣམས་སྒྲོལ་བའི་སླད་དུ་སྲས་དང་རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་བཞུགས་ཏེ། །མངལ་ནི་རབ་ཏུ་བཟུང་བར་མཛད་ཅིང་མཆོག་གི་ཐུགས་རྗེ་དག་གི་བྱང་ཆུབ་བསྐྱེད་པར་མཛད་ནས་ནི། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་