R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༢ན
[A:༢༢ན]ནས་ས་ཡི་སྟེང་དུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ཁོ་ནའོ། །ཞེས་མཛད་པ་དྲུག་ཙམ་གསུངས་ཤིང་། རྡོ་རྗེ་གུར་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །རིགས་དང་བྱང་ཆུབ་བྱེད་པ་དང་། །དེ་བཞིན་དུ་ནི་ལྷར་གཤེགས་དང་། །ཁྱིམ་ནས་འབྱུང་བར་བྱེད་པ་དང་། །རབ་ཏུ་འབྱུང་བ་འཛིན་པ་དང་། །སྐྱེ་བ་ཡོངས་སུ་ལེན་པ་དང་། །ཡོངས་སུ་མྱ་ངན་འདས་པ་སྟོན། །ཞེས་མཛད་པ་བརྒྱད་དུ་གསུངས་ལ། ཐེག་པ་ཆེན་པོ་རྒྱུད་བླ་མར། སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་གཞོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་དང་། པདྨའི་ངང་ཚུལ་གྱིས། སངས་རྒྱས་ཀྱི་སྐུའི་མཛད་པ་བཅུ་གཉིས་ལ་སོགས་པ་བསམ་ལ་བྱིང་བ་གསལ་བར་བྱའོ། །ཞེས་པ་དང་། གཞན་ཡང་འཕགས་པ་ཀླུ་སྒྲུབ། ཆོས་ཀྱི་བཤེས་གཉེན་ལ་སོགས་པ་མང་པོ་དགོངས་པ་མཐུན་པར་མཛད་པ་བཅུ་གཉིས་སུ་གསུངས་པ་ཡིན་ནོ །འོ་ན་མཛད་པ་བཅུ་གཉིས་པོ་སངས་རྒྱས་དང་བྱང་སེམས་གང་གི་མཛད་པ་ཡིན་སྙམ་ན། ཉན་ཐོས་པ་རྣམས་ནི་རྒྱལ་བུ་དོན་གྲུབ་ཡན་ཆད་དུ་སོ་སོ་སྐྱེ་བོ་རང་རྒྱུད་པ་