[A:༢༢བ]ཞིག་གིས་བསྐལ་པ་གྲངས་མེད་གསུམ་དུ་ཐར་པ་ཆ་མཐུན་གྱི་དགེ་བ་བསགས་ནས་མཐར་རྡོ་རྗེའི་གདན་དུ་སྲོད་ལ་བདུད་བཏུལ། གུང་ལ་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་སྦྱོར་ལམ་ཡན་ཆད་རྒྱུད་ལ་བསྐྱེད་དེ། ཐོ་རངས་སྐྱ་རེངས་འཆར་ཁའི་སྐད་ཅིག་གཅིག་ཡན་ཆད་ལ་ཕར་ཕྱིན་དྲུག་པོ་རྫོགས་ནས་མངོན་པར་བྱང་ཆུབ་འདོད་དོ། །མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐར་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་དང་། དེ་གྲངས་མེད་གསུམ་ལ་སངས་རྒྱས་ཞེས་གསུངས་པས་སོ། །དེ་ལྟར་སངས་རྒྱས་ནས་ཆོས་དང་གཟུགས་ཀྱི་སྐུའི་བདག་ཉིད་ཅན་དུ་གྱུར་ནས། ཀུན་ཤེས་ནས་རབ་བཟང་གི་བར་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ལྷག་མེད་དུ་མྱ་ངན་ལས་འདའ་བར་འདོད་པས་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་མཛད་པ་གཉིས་སུ་མཛད་ཀྱང་། འདིར་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལྟར། བཅུ་གཉིས་པོ་ཐམས་ཅད་སངས་རྒྱས་ཁོ་ནའི་མཛད་པ་ཡིན་ཏེ། ཐུབ་པའི་དབང་པོ་འདི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་སངས་རྒྱས་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ཟིན་ཀྱང་། ད་དུང་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས། དེ་དག་གི་མཛད་པ་རྣམས་མཛད་པར་ཡབ་སྲས་མཇལ་བའི་མདོ་ལས་བཤད་པའི་ཕྱིར། དེ་ལྟར་མདོ་དེ་ཉིད་ལས། བྱེ་བ་བརྒྱད་ཅུར་སངས་རྒྱས་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཆོག་པའི་འདུ་ཤེས་གསལ། །ཞེས་སོགས་གསུངས་ཤིང་། དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང་། བསྐལ་པ་བྱེ་སྟོང་བསམ་