R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣ན
[A:༢༣ན]བགྱིས་མི་ཁྱབ་པར། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་མཆོད་དོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་མཛད་པ་དེ་དག་ཐེག་པ་ཆེན་པོ་རྒྱུད་བླ་མ་ནས་ཇི་སྐད་གསུངས་པ་དང་མཐུན་པར་བཤད་ན། གོང་དུ་བསྟན་པ་ལྟར་བྲམ་ཟེ་ཁྱེའུ་བླ་མ་དེ་ཚེ་འཕོས་ནས་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏེ་ལྷ་རྣམས་ལ་ཆོས་བསྟན་པས་ལྷའི་ཚོགས་མང་པོ་སྨིན་གྲོལ་ལ་བཀོད་དོ། །དེའི་ཚེ་འཛམ་བུ་གླིང་པ་རྣམས་གདུལ་བའི་དུས་ལ་བབས་པ་ན། ཉིད་ཀྱི་བསོད་ནམས་ཀྱི་མཐུ་དང་། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱི་རོལ་མོའི་སྒྲ་ལས། བསོད་ནམས་རྒྱ་ཆེན་ཚོགས་མང་དྲན་རྟོགས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། །སྐྱེས་མཆོག་ཁྱོད་ཀྱི་བསོད་ནམས་དཔལ་གྱིས་ནི། །དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། །འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་པས་ན། །འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོབས། །ཞེས་སོགས་ཀྱི་ཚིགས་བཅད་བྱུང་བས་ཡང་ནས་ཡང་དུ་བསྐུལ་ལོ། །དེའི་ཚེ་ལྷའི་བུ་རྣམས་བྲམ་ཟེའི་ཆ་བྱད་དུ་སྤྲུལ་ནས་འཛམ་བུའི་གླིང་གི་མི་རྣམས་རིག་བྱེད་སློབ་ཏུ་བཅུག་སྟེ། འདི་ལྟར་མཚན་དཔེ་དང་ལྡན་ན་འཁོར་ལོས་བསྒྱུར་རྒྱལ་ལམ་སངས་རྒྱས་སུ་འགྱུར་ཞེས་འདོན་དུ་བཅུག་ཅིང་། ཡང་ད་སྟེ་ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ལྷུམས་སུ་འཇུག་གོ་ཞེས་བསྒྲགས་པས། དེ་རང་རྒྱལ་རྣམས་ཀྱིས་ཐོས་པས་རྒྱལ་པོའི་ཁབ་ཀྱི་མཇུག་མ་བསྒྱུར་བའི་