R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣བ
[A:༢༣བ]རི་ལ་གནས་པའི་རང་རྒྱལ་གླང་པོ་ཞེས་པས་རྡོ་ལ་ཞབས་རྗེས་བཞག་སྟེ་འདས་སོ། །གཞན་ཡང་ཝ་ར་ན་སེར་རང་རྒྱལ་ལྔ་བརྒྱས་མེའི་ཁམས་ལ་ཞུགས་ཏེ་འདས་ནས་རིང་བསྲེལ་རྣམས་ས་ལ་ལྷུང་བས་ཡུལ་དེ་ལ་དྲང་སྲོང་ལྷུང་བར་གྲགས། དེ་ནས་བྱང་ཆུབ་སེམས་དཔའ་འཛམ་བུ་གླིང་དུ་གཤེགས་པར་དགོངས་ནས་གཟིགས་པ་ལྔ་ལ་གཟིགས་ཏེ། དུས་ཚེ་ལོ་བརྒྱ་པ། གླིང་འཛམ་བུ་གླིང་། ཡུལ་དབུས། རིགས་རྒྱལ་རིགས། བུད་མེད་ཡོན་ཏན་དང་ལྡན་པ་སྟེ་དེ་ལྟ་བུ་འཛོམས་པའི་དུས་སུ་ལྷ་རྣམས་ལ་འཆི་འཕོ་སྦྱོང་བར་བྱེད་པའི་ཆོས་བསྟན་ཅིང་། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སྐྱེས་བུ་སེང་གེ་འཆི་འཕོའི་ཚེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲས་པ་ནི། །གྲོགས་དག་བག་མེད་སྤྱོད་པ་སྤང་བར་གྱིས། །ཞེས་སོགས་གསུངས་ཏེ། རིན་པོ་ཆེའི་ཅོད་པན་མི་ཕམ་པའི་དབུ་ལ་བཅིངས་ནས། གྲོགས་པོ་དག་ཁྱེད་རྣམས་ལ་མི་ཕམ་པས་ཆོས་སྟོན་གྱིས། ཁོ་བོ་ནི་སེམས་ཅན་གྱི་དོན་དུ་འཛམ་བུ་གླིང་དུ་འགྲོ་འོ་ཞེས་གསུངས་པས། ལྷ་རྣམས་ཡིད་མ་དགའ་ནས། སྐྱེས་བུ་དམ་པ་ཁྱེད་ནི་མི་བཞུགས་ན། །དགའ་ལྡན་གནས་ནི་མཛེས་པར་མི་འགྱུར་རོ། །ཞེས་པ་དང་། བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་དེ་ནི་དེང་སང་འོད་སྲུང་རྫོགས་བྱེད་ལ་སོགས་པ་རྟོག་གེ་པ་དྲུག་དང་། བྲམ་ཟེ་རྒྱུས་རྒྱལ་ལ་སོགས་པ་རྗེས་སུ་སྒྲོག་པ་དྲུག་དང་། རེངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་སོགས་པ་སྙོམས་པར་འཇུག་པ་དྲུག་སྟེ་སྟོན་པ་དྲུག་གསུམ་བཅོ་བརྒྱད་ཀྱིས་མ་རུངས་པར་བྱས་པས་གཤེགས་པའི་སྐབས་མ་ལགས་སོ་ཞེས་གསོལ་པས། དེ་དག་ཉིད་ཀྱིས་ཟིལ་གྱིས་།