[A:༢༤ན] གནོན་པར་འགྱུར་ཏེ། སེང་གེ་གཅིག་གིས་གཅན་གཟན་ཚོགས་རྣམས་དུ་མ་རྣམ་པར་སྐྲག །རྡོ་རྗེ་གཅིག་གིས་བྲག་གི་རྩེ་མོ་དུ་མ་རྣམ་པར་འཇིག །བརྒྱ་བྱིན་གཅིག་གིས་ལྷ་མ་ཡིན་རྣམས་དུ་མ་རྣམ་པར་འཇོམས། །ཉི་མ་གཅིག་གིས་མུན་པའི་ཚོགས་རྣམས་དུ་མ་རྣམ་པར་སེལ། །ཞེས་གསུངས་ཤིང་། ཁོ་བོ་ཇི་ལྟ་བུའི་གཟུགས་ཀྱིས་འགྲོ་བར་རིགས་གསུངས་པས། ལ་ལ་ཚངས་པའི་གཟུགས་ཀྱིས་རིགས་ཟེར། འགའ་ཞིག་བརྒྱ་བྱིན་ལ་སོགས་པའི་རྣམ་པས་རིགས་ཟེར་ཡང་། ལྷའི་བུ་གཟི་བརྗིད་དམ་པ་ན་རེ། རིག་བྱེད་ནས་འབྱུང་བ་བཞིན་གླང་པོ་ཆེའི་གཟུགས་ཀྱིས་རིགས་ཟེར་བ་ལྟར། བྱང་ཆུབ་སེམས་དཔའ་འབྱོན་པར་ཆས་པ་ན། རྒྱལ་པོ་ཟས་གཙང་མའི་ཁབ་ཏུ། ཁང་པ་དགའ་དང་བྱ་མང་བྱུང་། །ཤིང་ཕུང་མེ་ཏོག་ཁ་བྱེ་དང་། །ལོངས་སྤྱོད་འཕེལ་ཞིང་སྒྲ་རང་ཁྲོལ། །གཏེར་མང་ཁ་བྱེ་འོད་གསལ་བའོ། །ཞེས་པ་ལྟར་གྱི་ལྟས་བཟང་པོ་བརྒྱད་བྱུང་། དེ་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབས་པ་ཚེས་བཅོ་ལྔའི་རྒྱལ་ནམ་གྱི་གུང་ལ་དར་བའི་དུས་སུ། ཡུམ་གསོ་སྦྱོང་ལ་གནས་པའི་ཚེ་གློ་གཡས་པ་ནས་གླང་པོ་ཆེའི་རྣམ་པས་ལྷུམས་སུ་ཞུགས་ཏེ། དེའི་ཚེ་ཡུམ་གྱི་རྨི་ལྟས་སུ། གསེར་གྱི་དྲ་བས་ལེགས་གཡོགས་སྤྱི་གཙུག་དམར། །ཐལ་དཀར་མཆེ་བ་དྲུག་དང་རབ་ལྡན་ཞིང་། །དུང་དང་ཁ་བ་དངུལ་མདོག་ལྟ་བུ་ཡིས། །གླང་པོའི་མཆོག་ཅིག་ཁོང་དུ་སོང་སྙམ་བྱེད། །དེ་ཞུགས་ནས་ནི་བདག་གི་ལུས་དང་སེམས། །སྔོན་ཆད་མཐོང་ཐོས་གྱུར་པ་མ་གྱུར་པའི། །གྱ་ནོམ་བདེ་བས་ཤིན་ཏུ་བདེར་གྱུར་ཏེ། །བསམ་གཏན་མཉམ་པར་