[A:༢༤བ]ནབཞག་པ་ཉིད་དུ་གྱུར། །ཅེས་པ་ལྟར་བྱུང་སྟེ། རྨི་ལམ་དེ་རྒྱལ་པོ་ལ་སྨྲས་པས། རྒྱལ་པོས་ཀྱང་བྲམ་ཟེ་རྣམས་ལ་དྲིས་པ་ན། སྲས་ཁྱད་པར་ཅན་ཞིག་འབྱུང་སྟེ། ཁབ་ཏུ་བཞུགས་ན་འཁོར་ལོས་བསྒྱུར་བ་དང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ། །དེ་ནས་ཡུམ་གྱི་ལྷུམས་སུ་རྒྱལ་སྲས་ཀྱི་ཉེ་བར་དཔྱད་པ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བར་བྱིན་གྱིས་བརླབས་ནས། ཕྱི་ནང་ཐམས་ཅད་ཕན་ཚུན་གསལ་བ་ལ་བཞུགས་ཏེ། དེར་ཡང་སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་དང་མིའི་སྐྱེ་དགུ་བྱེ་བ་ཕྲག་ཁྲིག་སུམ་ཅུ་རྩ་དྲུག་སྨིན་པར་མཛད་ནས། ཟླ་བ་བཅུ་ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་ཅིང་བཞུགས། དེ་ནས་ཟླ་བ་བཅུ་རྫོགས་པ་ན་མེ་ཏོག་ཁ་འབུས་པ་ལ་སོགས་པ་ལྟས་སུམ་ཅུ་རྩ་གཉིས་བྱུང་བ་དང་ཡུམ་ལུམ་བི་ནིའི་ཚལ་དུ་བྱོན་ནས་ཤིང་པ་ལ་ཤའི་སྡོང་པོ་ལ་ཕྱག་གིས་འཇུས་ཏེ་གློ་གཡས་པ་ནས་མངལ་གྱི་དྲི་མས་མ་གོས་ཤིང་ཡུམ་ལ་གནོད་པ་མེད་པར་རྒྱན་དང་ན་བཟའ་དང་བཅས་ཏེ་སྐུ་བལྟམས་པ་ན་ལྷས་མེ་ཏོག་གཏོར། ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤི་ཀའི་རས་ཀྱིས་བླངས། དགའ་གདོང་ཉེར་དགའ་གཉིས་ཀྱིས་སྐུ་ཁྲུས་གསོལ། ཀཽ་ཤི་ཀ་ང་ཐོངས་གསུངས། ཤར་ཕྱོགས་སུ་གོམ་པ་བདུན་གཤེགས་ཏེ། དགེ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ་གསུངས། དེ་བཞིན་དུ་ལྷོར་ལྷ་དང་མིའི་སྦྱིན་གནས་སུ་འགྱུར་བར་བྱའོ། །ནུབ་ཏུ་འདི་ནི་ངའི་སྐྱེ་བ་ཐ་མ་སྟེ། སྐྱེ་རྒ་ན་འཆི་མེད་པར་བྱའོ། །བྱང་དུ་སེམས་ཅན་གྱི་ནང་ན་བླ་ན་མེད་པར་བྱའོ། །འོག་ཏུ་སེམས་ཅན་དམྱལ་བའི་མེ་བསད་པ་དང་བདུད་གཞོམ་པར་བྱའོ། །སྟེང་དུ་གཤེགས་