[A:༢༥ན]ཏེ། སེམས་ཅན་ཐམས་ཅད་གྱེན་དུ་བལྟ་བར་བྱའོ། །ཞེས་གསུངས་ཏེ། ཕྱོགས་དྲུག་པ་དེར་གོམ་པ་བདུན་བདུན་གཤེགས་པའི་ཤུལ་ཐམས་ཅད་དུ་པདྨ་རེ་རེ་བྱུང་ཞིང་། དེའི་ཚེ་བཀྲ་ཤིས་པའི་ལྟས་ཕྱོགས་ཐམས་ཅད་འོད་ཀྱིས་ཁྱབ་པ་དང་། ཡུལ་ཆེན་པོ་བཞིའི་རྒྱལ་པོ་བཞི་ལ་སྲས་བཞི་ཡང་བཙས། ཡ་རབས་ཀྱི་རིགས་ལྔ་བརྒྱ། གྲགས་འཛིན་མ་ལ་སོགས་པའི་བརྒྱད་བརྒྱ། འདུན་པ་སོགས་བྲན་ལྔ་བརྒྱ། ལྔ་ལྡན་ལ་སོགས་པའི་རྟེའུ་ཁྲི་དང་། རྟེའུ་མོ་ཁྲི། བ་གླང་ཁྲི་ཡང་བཙས། གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་སྐྱེས། སྐྱེད་ཚལ་ལྔ་བརྒྱ་དང་། གཏེར་ཁ་ལྔ་བརྒྱ་ཡང་བྱུང་བས་རྒྱལ་བུའི་མིང་དོན་ཐམས་ཅད་གྲུབ་པར་བཏགས། འོད་དེ་བྱུང་བས་རྒྱལ་པོ་བཞིའི་བུའི་མིང་ཀྱང་འོད་ལ་དྲས་ནས་བཏགས་ཏེ། རྒྱལ་པོའི་ཁམས་ཀྱི་རྒྱལ་པོ་པདྨ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ། མཉན་ཡོད་ཀྱི་རྒྱལ་པོ་ཚངས་སྦྱིན་གྱི་བུ་གསལ་རྒྱལ། ཀཽ་ཤམྦིའི་རྒྱལ་པོ་དམག་བརྒྱ་པའི་བུ་ཤར་བ་པ། འཕགས་རྒྱལ་གྱི་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་ཞེས་བཏགས་སོ། །གཞན་ཡང་འོད་དེ་རི་བོ་ཀུན་འཛིན་ན་དྲང་སྲོང་ཉོན་མོངས་མེད་བྱ་བ་ཚ་བོ་མེས་བྱིན་དང་བཅས་ཡོད་པས་མཐོང་སྟེ། ཚ་བོས། མཁན་པོ། འདིར་ནི་ཉི་མ་ཐམས་ཅད་དག །གཅིག་ཅར་བྱུང་བར་གྱུར་ཏམ་ཅི། །འདི་ལྟར་རི་དང་ཕུག་བཅས་པ། །འོད་གཅིག་གིས་ནི་གསལ་བར་གྱུར། །ཅེས་སྨྲས་པ་དང་། དྲང་སྲོང་གིས། ཉི་མའི་འོད་ཚ་འོད་ནི་བསིལ། །ཀུན་ཏུ་འཇུག་པས་ཐུབ་ཆེན་འོད། །བྱང་ཆུབ་སེམས་དཔའ་འོད་པོ་ཆེ། །ལྷུམས་ནས་བྱུང་བར་གདོན་མི་ཟ། །ཞེས་སྨྲས་པ་ན། ཚ་བོས། འོ་ན་དེ་བལྟ་