[A:༢༥བ]བའི་ཕྱིར་འགྲོ་འོ་ཟེར་བ་ལ། དྲང་སྲོང་གིས་དེ་ད་ལྟ་ལྷ་མཐུ་བོ་ཆེ་དག་གིས་བསྐོར་བས་བལྟ་དཀའ། ཕྱིས་གྲོང་ཁྱེར་དུ་གཤེགས་ཏེ་མིང་འདོགས་པའི་ཚེ་བལྟའོ་སྨྲས་སོ། །དེ་ནས་བྲམ་ཟེ་མཚན་མཁན་ལ་བསྟན་པས། ཁྱིམ་དུ་བཞུགས་ན་འཁོར་ལོས་བསྒྱུར་རྒྱལ་དང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་བསྟན། རིགས་ཀྱི་ལྷ་མཆོད་པའི་སར་བྱོན་པས། ཤཱཀྱ་རྣམས་ཀྱིས་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་བྱ་བ་གཞོན་ནུའི་ཞབས་ལ་ཕྱག་བྱས་པས་ལྷའི་ལྷ་ཞེས་དང་ཤཱཀྱ་མུ་ཅོར་སྨྲ་བ་རྣམས་ཐུབ་པ་བཞིན་དུ་འདུག་པས་ཤཱཀྱ་ཐུབ་པ་ཞེས་ཀྱང་བཏགས་སོ། །བྱང་ཆུབ་སེམས་དཔའ་འཁྲུངས་ནས་ཞག་བདུན་འདས་པ་ན་ཡུམ་འདས་ཏེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེས་སོ། །དེའི་རྒྱུ་མཚན་ཡང་བྱང་ཆུབ་སེམས་དཔའ་དགའ་ལྡན་ན་བཞུགས་པའི་དུས་སུ་ཡུམ་གྱི་ཚེ་ཚད་བརྟགས་ནས་གཤེགས་པས། སྲས་མངོན་པར་འབྱུང་བ་གཟིགས་ན་ཡུམ་སྙིང་གས་བར་འགྱུར་བས་ཡུམ་གྱི་ཚེ་ཚད་མཐར་ཕྱིན་པར་བྱ་བའི་ཆེད་དུ་ཡིན་ནོ། །དེ་ནས་གཞོན་ནུ་སྐྱེ་དགུའི་བདག་མོ་ལ་གཏད་དེ། པང་ན་འཚོ་བའི་མ་མ་བརྒྱད་ལ་སོགས་པས་སྐྱེད་བསྲིངས་སོ། །དེ་ནས་སྔར་གྱི་དྲང་སྲོང་དེ་ཚ་བོ་དང་བཅས་པས་བྱང་ཆུབ་སེམས་དཔའ་བལྟ་བར་སེམས་ཏེ་རྫུ་འཕྲུལ་གྱིས་ཆས་པ་ན། བྱང་ཆུབ་སེམས་དཔའི་མཐུས་རྫུ་འཕྲུལ་ཉམས་ནས་རྐང་པས་ཕྱིན་ཏེ། གྲོང་ཁྱེར་སེར་སྐྱའི་སྒོར་སོང་སྟེ་འཕྲིན་སྤྲིངས་པ་ན། རྒྱལ་པོས་དོན་ཅི་ལ་འོངས་གསུངས་པ་དང་། དྲང་སྲོང་དེ་ན་རེ། རྒྱལ་ཆེན་བདག་ནི་འདིར་འོངས་པ། །ཁྱོད་ཀྱི་སྲས་ནི་བལྟ་ཕྱིར་ཏེ། །འཇིག་རྟེན་འདུལ་བའི་