[A:༢བ]ས་སྐྱར། །སྙིགས་དུས་བསྟན་པའི་མེ་རོ་གསོ་བ་ལ། །གཞན་དང་མཚུངས་པ་མེད་པའི་མཛད་འཕྲིན་ཅན། །སྔགས་འཆང་སྤྲུལ་པའི་སྐུ་དེར་ཕྱག་བགྱིའོ། །དེ་སྲས་གྲུབ་པའི་ཁྱུ་མཆོག་དབང་པོའི་མཚན། །ཡབ་རྗེ་སྦས་པའི་སངས་རྒྱས་ལ་སོགས་པ། །བཀའ་དྲིན་མཉམ་མེད་རྣམས་ལ་གུས་བཏུད་ནས། །བདེ་མཆོག་དམ་ཆོས་བྱུང་ཚུལ་འཆད་ལ་སྤྲོ། །རྒྱུ་རྒྱུད་རང་སེམས་དྲི་བཅས་བདེ་བའི་མཆོག །ཐབས་རྒྱུད་དྲི་མ་སེལ་བྱེད་བདེ་མཆོག་ལམ། །འབྲས་རྒྱུད་དྲི་བྲལ་བདེ་སྟོང་ཟུང་འཇུག་མཆོག །མངོན་དུ་གྱུར་པ་ཆོས་འདིའི་གནས་ལུགས་ཡིན། །ཨེ་མ་རྒྱ་བོད་སྐྱེས་ཆེན་བགྲང་ཡས་པ། །མཁའ་སྤྱོད་དོ་རར་གཤེགས་པའི་ཉེ་ལམ་མཆོག །དཔལ་ལྡན་འཁོར་ལོ་བདེ་མཆོག་གསང་མཐའ་ཡིས། །ལམ་སྲོལ་འདི་ལ་འཇུག་པ་སྐལ་བ་བཟང་། །བླ་མའི་དྲིན་ལས་ཆོས་འདིའི་ཟབ་མོའི་གནད། །མང་པོའི་དོན་ལ་ཁོ་བོའི་བློ་གསལ་ཡང་། །འདིར་ནི་དམ་ཆོས་བྱུང་ཚུལ་མདོ་ཙམ་ཞིག །འཆད་པར་འགྱུར་གྱི་མཁའ་འགྲོས་སྐབས་ཕྱེ་ཤིག །ཅེས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅས་ནས། འདིར་དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་འཆད་པ་ལ་དོན་གཉིས་ཏེ། སྤྱིར་རྒྱུད་སྡེ་སྒོ་དྲུག་ཏུ་དབྱེ་བའི་ཚུལ་མདོར་བསྡུས་བསྟན་པ། སྒོ་དྲུག་པོ་དེའི་ཆོས་སྐོར་བྱུང་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། རྗེ་བཙུན་བིརྺ་པ་ཡབ་སྲས་ཀྱིས་ཀྱཻ་རྡོ་རྗེའི་རྒྱུད་ལ་བརྟེན་ནས་རྒྱུད་སྡེ་བཞིར་དབྱེ་བ་མཛད་པ་དང་། རྗེ་འགོས་ཀྱིས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་རྒྱུད་ལ་བརྟེན་ནས་གསང་བ་འདུས་པའི་སྐབས་སུ་རྒྱུད་སྡེ་ལྔར་མཛད་པ་ནི་རང་རང་གི་རྒྱུད་