R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣ན
[A:༣ན]ལ་བརྟེན་ནས་རྒྱུད་སྡེའི་རྣམ་གཞག་མཛད་པ་ཡིན་པས་ཤིན་ཏུ་ལེགས་པ་ཡིན་ལ། དེ་བཞིན་དུ་འདིར་ཡང་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། ཇི་སྲིད་མདོ་བྱ་སྤྱོད་པ་ནི། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་གསུངས་པ་ལ་བརྟེན་ནས་མདོ་སྡེ་རྟོག་པའི་རྒྱུད། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། གསང་བའི་རྒྱུད། རྣལ་འབྱོར་གསང་མཐའི་རྒྱུད་དེ་རྒྱུད་སྡེ་སྒོ་དྲུག་ཏུ་མཛད་ལ། དེ་ཡང་རྩ་བའི་རྒྱུད་ལས། རྒོད་དང་བལྟ་བ་ལག་བཅང་དང་། །གཉིས་གཉིས་འཁྱུད་ལ་སོགས་པའི་བདག །རྒྱུད་རྣམས་ཀུན་ཏུ་མ་གསུངས་ཏེ། །དེ་ཉིད་བསྡུས་པ་འཁོར་སྡོམ་པ། །གསང་བའི་རྡོ་རྗེ་འཇིགས་བྱེད་ལས། །དཀྱིལ་འཁོར་རྣམས་ཀྱི་མཆོག་འདི་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས་བསྟན་ཏེ། རྒོད་པ་དག་པ་བྱ་རྒྱུད། བལྟ་བ་དག་པ་སྤྱོད་རྒྱུད། ལག་བཅང་དག་པ་རྣལ་འབྱོར་གྱི་རྒྱུད་དང་། གཉིས་གཉིས་འཁྱུད་པ་དག་པ་བླ་མེད་གཞན་ལས་ཀྱང་མ་གསུངས་པའི་དོན་ཅིག་འདིར་སྟོན་པས། གསང་བའི་མཐའ་ཞེས་བླ་མེད་སྤྱི་ལས་ཟབ་པར་གྲུབ་ལ། དེ་ཡང་རྣལ་འབྱོར་རྒྱུད་ཀྱི་མཚན་གཞི་དེ་ཉིད་འདུས་པ་དང་། མ་རྒྱུད་ཀྱི་མཚན་གཞི་འཁོར་ལོ་སྡོམ་པ་ནི་སངས་རྒྱས་མཉམ་སྦྱོར་སོགས་ཡིན་ཞིང་། ཕ་རྒྱུད་ཀྱི་མཚན་གཞི་གསང་བ་འདུས་པ་དང་། རྡོ་རྗེ་འཇིགས་བྱེད་ལས་ཀྱང་མ་གསུངས་ཞེས་པའི་དོན་ཡིན་ལ། དེའི་དང་པོ་རྟོག་པའི་རྒྱུད་ནི་བྱ་རྒྱུད་ཀྱི་ནང་ཚན་ལས་ཚོགས་གཙོ་བོར་སྟོན་པ་རྣམས་སོ། །བྱ་བའི་རྒྱུད་ནི་བདག་ཉིད་ཐ་མལ་དུ་གནས་ནས། མདུན་དུ་རས་བྲིས་ལ་ཡེ་ཤེས་པ་སྤྱན་དྲངས་པ་ལ། དཀའ་