[A:༢༦ན]གཙོ་བོ་ཡི། །ཐུབ་པ་དེ་ནི་བལྟ་བར་འདོད། །ཟེར་བ་ལ། རྒྱལ་པོས། དེ་ལྟ་ན་གཞོན་ནུ་ཉལ་གྱིས་མ་སད་ཀྱི་བར་དུ་སྡོད་ཅིག་གསུངས་པས། མནལ་བ་ཉིད་བལྟའོ་ཟེར། བལྟར་བཅུག་པས། མིག་མི་འཛུམ་པར་མནལ་བ་མཐོང་ནས། རིགས་དང་ལྡན་པའི་རྟ་རྣམས་ནི། །མཚན་མོའི་བཞི་ཆ་ཉལ་བ་ལྟར། །དགོས་པ་དོན་གཉེར་རྣམས་ཀྱི་གཉིད། །མིག་ལ་ཡུན་རིང་མི་གནས་སོ། །ཟེར་ཞིང་། ལྷ་བྲམ་ཟེ་ལ་བསྟན་ནམ་ཟེར། བསྟན་གསུངས་པས། ཇི་སྐད་ལུང་བསྟན་ཟེར། འདི་ནི་གཉིས་སུ་འགྱུར་གྱི་གཞན་དུ་མིན། །ཁྱིམ་དུ་གནས་ན་འཁོར་ལོས་བསྒྱུར་རྒྱལ་ལམ། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་གྱུར་ན། །འདྲེན་པ་གཞན་གྱི་རྟིང་ལ་མི་འཇོག་པར། །འཇིག་རྟེན་འདིར་ནི་མངོན་རྫོགས་རྒྱལ་བར་འགྱུར། །ཞེས་ལུང་བསྟན་གསུངས་པས་དྲང་སྲོང་དེས་ལེགས་པར་བརྟགས་ནས། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་ན་འཁོར་ལོས་བསྒྱུར་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །མི་གསལ་མཚན་དང་ལྡན་ན་མིའི་དབང་པོ། །གླིང་བཞི་རྣམས་ཀྱི་བདག་པོའི་དབང་ཕྱུག་འགྱུར། །ཤིན་ཏུ་མཚན་གསལ་ཐུབ་དབང་རྫོགས་སངས་རྒྱས། །འདི་ནི་མི་མཆོག་ཆོས་ཀྱི་འཁོར་ལོས་བསྒྱུར། །ཞེས་སྨྲས་སོ། །དེ་ནས་ཡར་སྐྱེས་ཏེ་ཤཱཀྱའི་ཁྱེའུ་སྟོང་ཕྲག་བཅུ་དང་ལྷན་ཅིག་ཏུ་བྱིས་པ་ཀུན་གྱི་བཤེས་གཉེན་གྱི་དྲུང་དུ་ཡི་གེ་སློབ་པའི་གྲྭར་བྱོན་ཏེ། ཀྱཻ་སློབ་དཔོན། ཚངས་པའི་ཡི་གེ་དྲུག་ཅུ་རྩ་བཞི་ལས། བདག་གང་ལ་བསླབ་ཅེས་གསུངས་པས།