[A:༢༦བ]སློབ་དཔོན་ངོ་མཚར་སྐྱེས་ཏེ། སེམས་ཅན་དག་པ་ངོ་མཚར་སྐྱེས། །བསྟན་བཅོས་ཀུན་ལ་བསླབས་གྱུར་ཀྱང་། །འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། །ཡི་གེའི་གྲྭར་ནི་བྱོན་པར་གྱུར། །ཡི་གེ་གང་གི་མིང་དག་ཀྱང་། །བདག་གིས་ཤེས་པར་མ་གྱུར་པ། །དེ་ལ་འདི་ནི་བྱང་གྱུར་ཀྱང་། །ཡི་གེ་སློབ་པའི་གྲྭར་བྱོན་ཏོ། །ཞེས་སྨྲས་སོ། །དེ་ནས་ཡི་གེའི་མ་མོ་ལ་སློབ་པ་ལྟར་མཛད་པས། ཨ་ཞེས་བརྗོད་པ་ན་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་པ་དང་། ཨཱ་རིང་པོ་བརྗོད་པའི་ཚེ་ཆོས་ཐམས་ཅད་བདག་མེད་པའོ་ཞེས་པའི་སྒྲ་བྱུང་ཞིང་། ལྷ་ཀླུ་དྲི་ཟ་ལ་སོགས་པའི་ཡིག་རིགས་ཐམས་ཅད་མངོན་དུ་གྱུར་པའི་ཚུལ་མཛད། རྩིས་པ་ཤཱཀྱ་སྲིད་སྒྲུབ་ཀྱི་དྲུང་དུ། རྩིས་དང་། འཕོང་དང་། གྱད་ཀྱི་འཛིངས་སྟངས་ལ་སོགས་པ་འཇིག་རྟེན་པའི་བསླབ་པར་བྱ་བ་ཐམས་ཅད་ཀྱང་སློབ་པ་ལྟར་མཛད་དོ། །དེ་ནས་ཤཱཀྱ་རྒན་རབ་དག་འདུས་ཏེ། འཁོར་ལོས་བསྒྱུར་བའི་གདུང་མི་གཅད་པའི་ཕྱིར་ཁབ་མཛད་པར་ཞུས་པས། བྱང་ཆུབ་སེམས་དཔས། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་རིག །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཛིན་བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་ནི་བུད་མེད་ཚོགས་དང་མཛེས་མ་ཡིན། །བསམ་གཏན་ཏིང་འཛིན་བདེ་བས་ཞི་སེམས་སུ། །བདག་ནི་མི་སྨྲ་ནགས་ཚལ་གནས་པར་བྱ། །ཞེས་གསུངས་ཏེ་མ་གནང་། ཕྱིས་བརྟགས་ནས། འདམ་དང་ལྗན་ལྗིན་ཁྲོད་ན་པདྨོ་རྣམ་པར་འཕེལ། །མི་རྣམས་གང་གི་ནང་ན་རྒྱལ་པོས་