R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧ན
[A:༢༧ན]མཆོད་པ་ཐོབ། །གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་པ། །དེ་ཚེ་སེམས་ཅན་བྱེ་བ་ཕྲག་ཁྲིག་འཆི་མེད་འདུལ། །སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པར་གང་གྱུར་པ། །དེ་དག་ཀུན་གྱིས་བཙུན་མོ་སྲས་དང་སླས་ཀྱང་བསྟེན། །འོན་ཀྱང་འདོད་པས་ཆགས་མེད་བསམ་གཏན་བདེ་བ་ཉམས། །བདག་ཀྱང་དེ་དག་ཡོན་ཏན་རྗེས་སུ་བསླབ་པར་བྱ། །ཞེས་གསུངས་ཏེ་གནང་བ་ན། རྒྱལ་པོས་བུད་མེད་ཅི་ལྟ་བུ་ཞིག་བླང་གསུངས་པས། གཞོན་ནུས་བུད་མེད་ཀྱི་ཡོན་ཏན་ཡི་གེར་བྲིས་ཏེ། ཡོན་ཏན་སུམ་ཅུ་རྩ་གཉིས་པོ་འདི་དག་དང་ལྡན་པ་བསྔགས་སོ། །རྒྱལ་པོས་མདུན་ན་འདོན་ལ་ཁྱོད་སོང་ལ་གང་ན་ཡོན་ཏན་འདི་དང་ལྡན་པའི་བུད་མེད་ཚོལ་ཅིག་གསུངས། རྒྱལ་རིགས་བྲམ་ཟེའི་བུ་མོ་དང་། །རྗེ་རིགས་དམངས་རིགས་དེ་བཞིན་ཏེ། །སུ་ལ་ཡོན་ཏན་འདི་ཡོད་པའི། །བུ་མོ་དེ་ནི་འདིར་འོན་ཅིག །ང་ཡི་བུ་འདི་རིགས་དག་དང་། །རུས་ལ་ངོ་མཚར་འཛིན་མ་ཡིན། །ཡོན་ཏན་བདེན་པ་ཆོས་ཀྱི་རྣམས། །དེ་ལ་འདི་ནི་ཡིད་དགའ་འོ། །ཞེས་སྨྲས་པ་དང་། མདུན་ན་འདོན་དེས་ཡུལ་ཀུན་ཏུ་སོང་བས། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་མཚོ་མ་མཐོང་ནས་ཡི་གེ་དེ་བྱིན་པས། བུ་མོ་དེ་བཞིན་འཛུམ་སྟེ། བྲམ་ཟེ། ཡོན་ཏན་འདི་དག་བདག་ལ་ཀུན་ཚང་གིས། །དེས་པའི་གཟུགས་ཅན་དེ་ནི་བདག་གི་ཁྱིམ་ཐབས་སོ། །གལ་ཏེ་གཞོན་ནུ་བཞེད་ན་ཕྱི་བཤོལ་མ་མཛད་གསུངས། །རྒྱ་ལ་སྐྱེ་བོ་ཕལ་དང་བཞུགས་པར་གྱུར་ཀྱང་གདའ། །ཞེས་ཟེར་བ་དེ་བྲམ་ཟེས་རྒྱལ་པོ་ལ་གསོལ་པས། བུད་མེད་འདི་བརྫུན་ཆེ་བས་རྒྱལ་པོ་ཡིད་མ་ཆེས་པར། ཞག་བདུན་ན་བུ་མོ་ཐམས་ཅད་འདུན་