[A:༢༧བ]ཁང་དུ་ཤོག་ཅིག གཞོན་ནུས་ཡིད་དུ་འོང་བའི་ཡོ་བྱད་དག་སྦྱིན་ནོ་ཞེས་སྨྲས་པས། བུ་མོ་དག་བྱུང་བ་ན་ཇི་ལྟར་འོངས་པ་བཞིན་ཡོ་བྱད་དག་བྱིན་པས། དེ་དག་གིས་ཀྱང་གཞོན་ནུའི་གཟི་བརྗིད་མ་བཟོད་པར་མྱུར་དུ་སོང་། དེ་ནས་ས་མཚོ་མ་ཡོང་བ་ན་ཡོ་བྱད་ཟད་དེ། དེ་འཛུམ་དམུལ་ཏེ། བདག་གི་ནོངས་པ་ཅི་བགྱིས་ནས། །བདག་ལ་ཐུགས་ངན་སྡང་བ་མཛད། །བྱས་པས། གཞོན་ནུས་སྔོན་སྡང་མིན་གྱི་ཁྱེད་འཕྱིས་པས་ལན་ནོ་གསུངས་ནས་སོར་གདུབ་སྲང་བརྒྱ་སྟོང་རི་བ་དེ་སྦྱིན་ནོ། །དེ་སོང་བ་ན་བྱ་ར་བ་དག་གིས་གཞོན་ནུ་ས་མཚོ་མ་ལ་སྤྱན་ཆགས་ཏེ། བཀའ་མཆིད་ཀྱང་ཅུང་ཟད་བགྱིས་སོ་ཞེས་སྨྲ་འོ། །དེ་ནས་རྒྱལ་པོས་ཤཱཀྱ་ལག་ན་བེ་ཅོན་ལ་ཁྱོད་ཀྱི་བུ་མོ་གཞོན་ནུ་ལ་བྱིན་ཅིག་གསུངས་པས། དེས། བདག་གི་རིགས་ཆོས་ལ་བུ་མོ་སྒྱུ་རྩལ་ཤེས་པ་ལ་གཏོང་བ་ལགས་ན། མི་ཤེས་པ་ལ་ཇི་ལྟར་སྦྱིན་ཟེར་བ་ཐོས་པས། རྒྱལ་པོ་ཡིད་མ་དགའ་བར་སེམས་ཤིང་འདུག་ལ། གཞོན་ནུས་མཐོང་ནས། ཡབ་ཅི་ནོངས་བཀའ་སྩོལ་རིགས་སོ་སྨྲས་པས། ཡབ་ཀྱིས་ཚུལ་དེ་བསྙད་པ་ན། གཞོན་ནུས་སྒྱུ་རྩལ་འགྲན་པར་ཁས་བླངས་པས་རྒྱལ་པོ་མཉེས་ཏེ་སྒྱུ་རྩལ་འགྲན་པར་དྲིལ་བསྒྲགས་སོ། །དེ་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ་འཚོགས་ཏེ། རལ་གྲིའི་ཐབས་དང་། འཕོངས་དང་། གྱད་ཀྱི་འཛིངས་སྟངས་སོགས་སུ་རྒྱལ་བ་དེ་ལ་ས་མཚོ་མ་སྟེར་བ་དམ་བཅས་པ་ན། ཐོག་མར་ལྷས་སྦྱིན་བྱུང་སྟེ། གླང་པོ་ཆེ་ཁྲིད་པ་དང་འཕྲད་ནས་ཕྲག་དོག་དང་ང་རྒྱལ་གྱིས་ཀུན་ནས་བསླངས་ཏེ་ཐལ་མོ་ལན་གཅིག་བསྣུན་ནས་བསད། མཛེས་དགའ་བོས་རོ་དེ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བསྐྱུར་