[A:༢༨ན]བ་ན། གཞོན་ནུས་ཞབས་ཀྱི་མཐེ་བོང་གིས་བླངས་ཏེ་ར་བ་བདུན། འོབས་བདུན་གྱི་ཕྱི་རྒྱང་གྲགས་གཅིག་ཙམ་གྱི་སར་འཕངས་ཏེ་གཤོངས་ཆེན་པོར་གྱུར་པས་གླང་པོའི་གཤོངས་ཞེས་གྲགས་སོ། །དེ་ནས་ཡི་གེ་དང་རྩིས་འགྲན་པས་ཀྱང་གཞོན་ནུ་རྒྱལ་ལོ། །དེ་ནས་དགའ་བོ་དང་ཀུན་དགའ་བོ་གཉིས་ཀྱི་སྟོབས་བརྒལ་བའི་ཕྱིར་དྲུང་དུ་ཕྱིན་པས། དེས་ལག་པ་རེག་མ་ཐག་འགྱེལ། དེ་ནས་ལྷས་སྦྱིན་བྱུང་བ་ན། བྱང་ཆུབ་སེམས་དཔས་ཕྱག་གཡས་ཀྱིས་བཏེགས་ཏེ་ནམ་མཁའ་ལ་བསྐོར་ནས་ས་ལ་བོར་ཡང་ལུས་ལ་མི་གནོད་པར་བྱས་སོ། །དེ་ནས་འཕོངས་འགྲན་པ་ན་ཀུན་དགའ་བོས་རྒྱང་གྲགས་གཉིས། ལྷས་སྦྱིན་གྱིས་རྒྱང་གྲགས་བཞི། དགའ་བོས་རྒྱང་གྲགས་དྲུག བེ་ཅོན་གྱིས་དཔག་ཚད་གཉིས་ཀྱི་ཕ་རོལ་རྣམས་སུ་ལྕགས་རྔ་རེ་འབེན་དུ་བཙུགས་པས་རང་རང་གི་འབེན་ལ་ཕོག དེ་ལས་ཕ་རོལ་ཏུ་མ་སོན། གཞོན་ནུས་རྒྱང་གྲགས་བཅུའི་ཕ་རོལ་ཏུ་ལྕགས་རྔ་གཅིག ཤིང་ཏ་ལ་བདུན། དེའི་ཕ་རོལ་ཏུ་ལྕགས་ཀྱི་ཕག་རྒོད་ཅིག་རྣམས་བཙུགས་ཏེ། ལྷ་ཁང་ནས་མེས་སེང་གེའི་ཟ་འགྲམ་གྱི་གནམ་རུ་བླངས་ནས། ཕྱེད་ཀྲུང་དུ་འདུག་ནས་བདུངས་ནས་མདའ་འཕངས་པས། སྔར་གྱི་འབེན་དེ་དག་ཐམས་ཅད་ཕུག་སྟེ་ས་ལ་ཟུག་ནས་མི་སྣང་བར་གྱུར་ཏེ་ཁྲོན་པ་ལྟ་བུ་བྱུང་བས་མདའི་ཁྲོན་པ་ཞེས་གྲགས། གཞན་ཡང་བང་དང་། མཆོངས་ལ་སོགས་པ་སྒྱུ་རྩལ་ཐམས་ཅད་ལ་གཞོན་ནུ་ལྷག་ནས། ཤཱཀྱ་ལག་ན་བེ་ཅོན་གྱིས་ས་མཚོ་མ་ཕུལ་ཏེ། བྱང་ཆུབ་སེམས་དཔས་ཀྱང་འཇིག་རྟེན་དང་མཐུན་པར་བྱ་བའི་