R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༨བ
[A:༢༨བ]ཕྱིར། ས་མཚོ་མ་དང་། གྲགས་འཛིན་མ་དང་། རི་དྭགས་འཛིན་མ་རྣམས་འཁོར་མང་པོ་དང་བཅས་ཁབ་ཏུ་བཞེས་པའི་ཚུལ་མཛད་དེ། དགུང་ལོ་ཉེར་དགུའི་བར་དུ་དེ་དག་དང་རྩེ་དགའ་ལ་ཡོངས་སུ་སྤྱད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དམ་བཅའ་དུས་ལས་མི་འདའ་ཡང་སངས་རྒྱས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་པས། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སིལ་སྙན་གྱི་སྒྲ་ལས། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། །ཕན་བྱེད་མགོན་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་གྱི་སྨོན་ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་བྱ་ཞེས་སྨོན་ལམ་དྲན་པར་བྱོས། །འདི་ནི་ཁྱོད་ཀྱི་ཚད་དང་དུས་ཡིན་གྱི། །དྲང་སྲོང་མཆོག་རབ་ཁྱིམ་ནས་འབྱུང་བར་བྱོས། །ཞེས་སོགས་ཀྱིས་བསྐུལ་ཅིང་། བཙུན་མོ་དག་གི་རོལ་མོའི་སྒྲ་ལས་ཀྱང་། །སྲིད་གསུམ་དགའ་དང་ནད་ཀྱི་སྡུག་བསྔལ་འབར། །འཆི་མེད་རབ་འབར་འདི་ནི་མགོན་མེད་པ། །སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུ་མྱུར་འགྱོགས་འགྲོ། །ཞེས་སོགས་ནས། སྔོན་གྱི་སྤྱོད་དེ་རྗེས་སུ་དྲན་གྱིས་ལ། །གཏི་མུག་རབ་རིབ་མུན་པས་བསྒྲིབས་པ་ཡི། །འགྲོ་ལ་ཤེས་རབ་དམ་པ་འོད་བཟང་བ། །ཆོས་མིག་དྲི་མེད་ཉོན་མོངས་མེད་པ་བྱིན། །ཞེས་པའི་སྒྲ་བྱུང་བས། བྱང་ཆུབ་སེམས་དཔའ་ཡང་རྒྱགས་པའི་