R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༩ན
[A:༢༩ན]སེམས་སྤངས་ཏེ། བྱང་ཆུབ་ཏུ་སེམས་བཏང་། དེ་བཞིན་དུ་ལྷའི་བུ་འབུམ་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་ཚིགས་སུ་བཅད་པས་བསྐུལ་ཅིང་། དེའི་ཚེ་རྒྱལ་པོའི་རྨི་ལམ་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་རྨིས་པས། དེ་ཡིད་ཆགས་པའི་ཕྱིར། དཔྱིད་བསིལ། དབྱར་རན། དགུན་དྲོ་བའི་ཁང་བཟང་གསུམ་བྱས་པའི་ཚེ། གཞོན་ནུ་སུས་ཀྱང་མ་ཚོར་བར་མངོན་པར་འབྱུང་དུ་འོང་ངོ་ཞེས་པའི་སྒྲ་དཔག་ཚད་གསུམ་གྱི་བར་དུ་བྱུང་ཞིང་། ལྟས་མཁན་རྣམས་ཀྱིས་ཀྱང་གཞོན་ནུ་བཀྲ་ཤིས་ཀྱི་སྒོ་ནས་མངོན་པར་འབྱུང་བར་འགྱུར་རོ་ཞེས་ལུང་བསྟན་པས། རྒྱལ་པོས་སྒོ་འཕར་ཆེན་པོ་སྒྲ་དཔག་ཚད་དུ་གྲགས་པའི་མི་ལྔ་བརྒྱས་འབྱེད་ཅིང་གཅོད་པ་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་དུ་འབྱོན་པར་དགོངས་ཏེ། འདུན་པ་ལ་ཤིང་རྟ་སྦྱོར་ཅིག་གསུངས་པས། འདུན་པས་ཀྱང་རྒྱལ་པོ་ལ་གསོལ་པས། རྒྱལ་པོས་གཞོན་ནུས་ཡིད་དུ་མི་འོང་བ་མི་མཐོང་བར་བྱ་བའི་ཕྱིར་ཕྱོགས་ཐམས་ཅད་ཉམས་དགའ་བར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤར་སྒོ་ནས་ཐོན་པ་དང་། ཉིད་ཀྱི་མཐུས་ལྷའི་སྤྲུལ་པས་རྒས་པའི་སྡུག་བསྔལ་གྱིས་ཉེན་པའི་མི་ཞིག་འདུག་པ་གཟིགས་ཏེ། འདུན་པ་ལ། ཁ་ལོ་བསྒྱུར་བ་མི་རིད་ཉམ་ཆུང་བ། །ཤ་ཁྲག་སྐམ་ལ་རུས་ལྤགས་ཉི་ཚེའི་དཀྲིས། །མགོ་དཀར་སོ་རྣལ་ལུས་ནི་རབ་སྐེམ་ལ། །འཁར་བ་བརྟེན་ཞིང་མི་བདེ་འཁྱོར་འགྲོ་སུ། །ཞེས་གསུངས་པས། འདུན་པས། ལྷ། མི་འདི་རྒས་པས་ཟིལ་གྱིས་ནོན་པ་སྟེ། །དབང་པོ་ཉམས་ཤིང་སྡུག་བསྔལ་བརྩོན་སྟོབས་ཉམས། །གཉེན་གྱི་སྐྱེ་བོས་བརྙས་ཤིང་