R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༩བ
[A:༢༩བ]མགོན་མེད་གྱུར། །དོན་བགྱིད་མི་ནུས་ནགས་ཁྲོད་ཤིང་ལྟར་བོར། །ཞེས་གསོལ་པས། ཡང་བྱང་ཆུབ་སེམས་དཔས། འདི་ནི་འདི་ཡི་རིགས་ཀྱི་ཆོས་ཡིན་ནོ། །འོན་ཏེ་འགྲོ་བ་འདི་ཀུན་ལ་ཡང་འབྱུང་། །ཚིག་འདི་ཡང་དག་ཇི་བཞིན་མྱུར་དུ་སྨྲོས། །ཐོས་ནས་དེ་དོན་འདིར་ནི་ཚུལ་བཞིན་བསམ། །གསུངས་པས། དེས། ལྷ། འདི་ནི་རིགས་ཆོས་ཡུལ་འཁོར་ཆོས་མ་ལགས། །དར་ལ་བབས་པའི་སྐྱེ་བོ་རྒས་པས་འཇོམས། །ཁྱོད་ཀྱི་ཡབ་ཡུམ་ཉེ་དུ་གཉེན་ཚོགས་ཀྱང་། །རྒས་ལས་མ་ཐར་གཞན་དུ་འགྲོ་ཐབས་མེད། །ཅེས་སྨྲས་པ་ན། བྱང་ཆུབ་སེམས་དཔས། ཁ་ལོ་བསྒྱུར་བ་བྱིས་པ་མི་མཁས་འགྲོ། །གཞོན་པས་རྒྱགས་སྤྱོས་བློ་ངན་རྒས་མ་མཐོང་། །ང་ནི་སླར་འགྲོ་ཤིང་རྟ་མྱུར་དུ་སྒྱུར། །ང་ནི་རྒས་འགྱུར་རྩེ་དགས་ཅི་ཞིག་བྱ། །ཞེས་གསུངས་ནས་ནང་དུ་ལོག་གོ །ཡང་ལྷོ་སྒོར་བྱོན་པས་ན་བའི་སྡུག་བསྔལ་གཟིགས་ཏེ། ཁ་ལོ་བསྒྱུར་བ་ཉམ་ཆུང་ལུས་མདོག་ངན། །དབང་པོ་ཀུན་ཉམས་དབུགས་དབྱུང་རབ་ཏུ་དཀའ། །ཡན་ལག་ཀུན་སྐམ་ལྟོ་དཀྲུགས་ཉམ་ཐག་གྱུར། །རང་གི་གཅིན་སྟུག་སྨད་པའི་ནང་འདུག་སུ། །གསུངས་པས། དེས། ལྷ། མི་འདི་ཤིན་ཏུ་ནད་ཀྱིས་བཏབ་པ་སྟེ། །ནད་ཀྱི་ཉེར་འཚེ་འཆི་བས་འགུམ་ལ་ཐུག །གཟི་བརྗིད་མ་མཆིས་སྟོབས་ཀྱང་རྣམ་པར་ཉམས། །མགོན་སྐྱབས་གླིང་དང་དཔུང་གཉེན་མ་མཆིས་ལགས། །ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔས། ནད་མེད་པ་ཡང་རྨི་ལམ་རྩེད་དང་མཚུངས། །ནད་ཀྱི་འཇིགས་པ་འདི་ལྟར་མི་ཟད་པའི། །གནས་འདི་མཐོང་ནས་སྐྱེས་བུ་མཁས་པ་རྣམས། །རྩེ་དགའ་སྡུག་པའི་འདུ་ཤེས་ཇི་ལྟར་