R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༠ན
[A:༣༠ན]སྐྱེད། །ཞེས་གསུངས། ནུབ་ཏུ་ཤི་བ་གཟིགས་ནས། ཁ་ལོ་བསྒྱུར་བ་མི་འདི་ཁྱོར་བཏེགས་ནས། །མི་དག་སྐྲ་བཤིག་མགོ་ལ་སས་འཐོར་ཞིང་། །སྣ་ཚོགས་གང་དག་བརྗོད་ཅིང་བྲང་བརྡུངས་པས། །མདུན་ནས་བསྐོར་ཏེ་ཁྱེར་བ་འདི་སུ་ཞིག །གསུངས་པ་དང་། ཡང་དེས། ལྷ། མི་འདི་འཛམ་བུའི་གླིང་དུ་གུམ་པ་སྟེ། །ཕ་མ་འཆི་འབྲངས་བུ་རྣམས་སླར་མི་མཐོང་། །ལོངས་སྤྱོད་ཁྱིམ་དང་མཛའ་བཤེས་གཉེན་ཚོགས་རྣམས། །སྤངས་ནས་འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། །ཞེས་ཟེར་བ་ལ། བྱང་ཆུབ་སེམས་དཔས། རྒ་བས་གནོད་འགྱུར་གཞོན་ཡང་ཅི་མི་རུང་། །ནད་ཀྱིས་གནོད་འགྱུར་ནད་མེད་ཅི་མི་རུང་། །རིང་དུ་མི་གནས་གསོན་ཡང་ཅི་མི་རུང་། །དགའ་བ་ལ་ཆགས་མཁས་ཀྱང་ཅི་མི་རུང་། །ད་ལྟ་ན་རྒ་འཆི་བ་མེད་གྱུར་ཀྱང་། །སྡུག་བསྔལ་ཆེན་པོ་ཕུང་པོ་ལྔ་འཛིན་ན། །ན་རྒ་འཆི་བ་རྟག་འབྲངས་སྨོས་ཅི་དགོས། །སླར་ལོག་རབ་ཏུ་ཐར་བར་བྱ་བ་བསམ། །ཞེས་གསུངས་ཤིང་། ཡང་བྱང་སྒོར་དགེ་སློང་གཟིགས་ཏེ། ཁ་ལོ་བསྒྱུར་བ་སེམས་ཞི་རབ་ཞི་ཞིང་། །མིག་ཕབ་འགྲོ་ལ་གཉའ་ཤིང་གང་ཙམ་ལྟ། །ངུར་སྨྲིག་གོས་གྱོན་སྤྱོད་ནི་ལྷུང་བཟེད་ཐོགས། །མི་རྒོད་མ་ཁེངས་སྐྱེས་བུ་འདི་སུ་ཞིག །གསུངས་པ་ན། དེས་སྨྲས་པ། ལྷ། མི་འདི་དགེ་སློང་ཞེས་ནི་བགྱིད་པ་ལགས། །འདོད་པའི་དགའ་བ་སྤངས་ཤིང་དུལ་བར་སྤྱོད། །བདག་ཉིད་རབ་ཏུ་བྱུང་ཞིང་ཞི་བ་འཚོལ། །ཆགས་སྡང་བྲལ་བ་བསོད་སྙོམས་སྤྱོད་ཅིང་རྒྱུ། །ཟེར་བ་དང་། བྱང་ཆུབ་སེམས་དཔས། དགེ་བ་ལེགས་སྨྲས་འདི་ནི་ང་འདོད་དེ། །རབ་བྱུང་མཁས་པ་རྣམས་ཀྱིས་རྟག་ཏུ་བསྔགས། །དེ་ནི་བདག་