[A:༣༠བ]དང་སེམས་ཅན་གཞན་ལའང་ཕན། །འཚོ་བདེ་ཉམས་མཐུན་འཆི་མེད་འབྲས་བུར་འགྱུར། །གསུངས་ཤིང་། དེ་ནས་བྱང་ཆུབ་སེམས་དཔས་ནང་དུ་ལོག་སྟེ་བཞུགས་སོ། །རྒྱལ་པོས་དེ་དག་མཐོང་ཐོས་པས། བསྲུང་བའི་ཕྱིར་ར་བ་དང་། འོབས་དང་། སྒོ་བརྟན་པོ་བཅུ་དྲུག གྲོང་ཁྱེར་གྱི་བཞི་མདོར་སྲུང་བའི་མི་བཞག བཙུན་མོ་རྣམས་གླུ་དབྱངས་དང་རྩེ་དགའ་བྱེད་དུ་བཅུག དེའི་ཚེ་བྱང་ཆུབ་སེམས་དཔའ་ཁབ་ནས་གཤེགས་པའི་ལྟས་སུ་བྱ་སྐད་མི་འབྱིན། པདྨ་རྙིད། ཤིང་ལ་མེ་ཏོག་མི་འཆར། གླིང་བུ་དང་པི་ཝཾ་སོགས་རྒྱུད་ཆད། རྫ་རྔ་བརྡུངས་ཀྱང་སྐད་མེད་པར་གྱུར་ཏེ། དེ་དག་མཐོང་བས་རྒྱལ་པོ་སེམས་ཁོང་དུ་ཆུད་ཅིང་། ས་མཚོ་མ་ལ་ས་གཡོ་བ་སོགས་རྨིས། བྱང་ཆུབ་སེམས་དཔའི་རྨི་ལམ་དུ། རྐང་ལག་གིས་རྒྱ་མཚོ་དཀྲུགས། ས་མལ་ཆར་བྱས། རི་རབ་སྔས་སུ་བཅུག འོད་ཀྱིས་མུན་པ་གསལ། གདུགས་གཅིག་གིས་འཇིག་རྟེན་གསུམ་ཁྱབ་པ་ལ་སོགས་པ་རྨིས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཡབ་ཀྱིས་མ་གནང་བར་རབ་ཏུ་འབྱུང་བར་མི་རིགས་དགོངས་ནས་ཡབ་ཀྱི་དྲུང་དུ་སོང་སྟེ། བདག་མངོན་པར་འབྱུང་བའི་དུས་ལ་བབས་ཀྱི་བགེགས་དང་མི་དགེས་པར་མ་མཛོད་ཅིག་གསུངས་པས། ཡབ་ཀྱིས། ཁྱོད་ཀྱིས་འདོད་པའི་མཆོག་སྦྱིན་གྱི་ཁབ་ཏུ་བཞུགས་ཤིག་གསུངས་པ་དང་། བྱང་ཆུབ་སེམས་དཔའི་རྒ་ནད་འཆི་རྒུད་བཞི་མེད་པ་འཚལ་ལོ་གསུངས་པས། ཡབ་ཀྱིས་དེ་སྦྱིན་པའི་ཐབས་མེད། གཞན་གང་འདོད་པ་སློངས་ཤིག་ཟེར་བ་ལ། ཡང་བྱང་ཆུབ་སེམས་དཔས། རྒ་ནད་འཆི་བའི་འཇིགས་དང་རྒུད་པར་མི་འགྱུར་བ། །ལྷ་གཅིག་གལ་ཏེ་མཆོག་