R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣བ
[A:༣བ]ཐུབ་དང་གཙང་སྦྲ་སོགས་ཀྱི་སྒོ་ནས་དངོས་གྲུབ་བསྒྲུབ་པ་སྟེ། ལེགས་གྲུབ་དང་དཔུང་བཟང་ལ་སོགས་པའོ། །སྤྱོད་པའི་རྒྱུད་ནི་བདག་ཉིད་ཀྱང་ལྷར་བསྐྱེད། མདུན་དུ་ཡེ་ཤེས་པ་སྤྱན་དྲངས་ཏེ་བདག་ལ་མི་བསྟིམ་པ་གྲོགས་པོ་ལྟ་བུའི་སྒོ་ནས་དངོས་གྲུབ་བསྒྲུབ་པ་སྟེ། རྣམ་སྣང་མངོན་བྱང་ལ་སོགས་པའོ། །རྣལ་འབྱོར་གྱི་རྒྱུད་ནི་བདག་ཉིད་ཀྱང་ལྷར་བསྐྱེད། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་ནས། ཕྱག་རྒྱ་བཞིའི་རྒྱས་བཏབ་སྟེ་ཆོ་ག་ཟིན་ནས་ཡེ་ཤེས་པ་གཤེགས། རང་དམ་ཚིག་པ་རྐྱང་པའི་ང་རྒྱལ་དུ་གནས་པའི་སྒོ་ནས་དངོས་གྲུབ་བསྒྲུབ་པ་སྟེ། དེ་ཉིད་འདུས་པ་ལ་སོགས་པའོ། །རྣལ་འབྱོར་གསང་བའི་རྒྱུད་ལས་རྣལ་འབྱོར་ཆེན་མོ་མའི་རྒྱུད་དང་། ཕའི་རྒྱུད་གཉིས་སུ་ཡོད་ཅིང་། འདི་གཉིས་ཀྱི་ཁྱད་པར་ལ་རྗེ་འགོས་ལོ་ཙཱ་བས། ཕ་རྒྱུད་གསང་བ་འདུས་པ་སོགས་ནི་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་སྟོན་པས་བརྗོད་བྱ་རྒྱ་ཆེ་བ་ཡིན་ལ་མ་རྒྱུད་ལས་ནི་ཕོ་ཉའི་ལམ་ལ་བརྟེན་ནས་དབང་གི་མཚོན་པའི་ཡེ་ཤེས་སྐྱོང་བ་ཙམ་ཞིག་སྟོན་པས་བརྗོད་བྱ་རྒྱ་ཆུང་བས་ན། ཕ་རྒྱུད་ཁྱད་པར་དུ་འཕགས་ཞེས་བཞེད་ཀྱང་། འདིར་ནི་ཕ་རྒྱུད་ལས་མ་རྒྱུད་ཟབ་ཅིང་། ཟབ་ཁྱད་ལ་བླ་མ་གོང་མ་མང་པོས། །བརྗོད་བྱེད་ཚིག་གི་ཁྱད་པར། བརྗོད་བྱ་དོན་གྱི་ཁྱད་པར་སོགས་རྣམ་གྲངས་མང་དུ་གསུངས་ཀྱང་། ཟབ་ཁྱད་དངོས་ནི། རིམ་པ་གཉིས་ཀྱི་ནང་ནས་བསྐྱེད་རིམ་དངོས་བསྟན་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པ་དང་། རྫོགས་རིམ་དངོས་བསྟན་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པ་གཉིས་ལ་འཇོག་པར་སློབ་དཔོན་ནག་པོ་སྤྱོད་པ་བས་གསུངས་པར་བཤད་དོ། །དེ་ལྟ་བུའི་ཕ་རྒྱུད་ལ་ཡང་། འདོད་ཆགས་ཞེ་སྡང་གཏི་མུག་གི །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་པ་