R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༡བ
[A: ༣༡བ ]བཞི་འདི་དག་མི་སྩོལ་ན། །གཞན་ཡང་མཆོག་གཅིག་གསོལ་གྱི་རྒྱལ་པོ་གསན་དུ་གསོལ། །འདི་ནས་ཤི་འཕོས་ཉིང་མཚམས་སྦྱོར་བར་མི་འགྱུར་མཛོད། །ཅེས་གསུངས་པས། རྒྱལ་པོའི་དགོངས་པ་ལ་དེ་ནི་བདག་གིས་སྦྱིན་པར་མི་ནུས། འདི་བཙས་པའི་ཚེ་ཡང་སྲིད་པ་ཐ་མ་བར་བྱའོ་ཞེས་སྨྲ་ལ། བྲམ་ཟེ་རྣམས་ཀྱིས་ཀྱང་མངོན་པར་འབྱུང་བ་ལུང་བསྟན་པས། འདི་ངེས་པར་འགྲོ་སྙམ་ནས་སྐད་ཆུང་ངུས་ཁྱེད་ཀྱི་བསམ་པ་རྫོགས་པར་གྱུར་ཅིག་ཅེས་སྨྲས་སོ། །རྒྱལ་པོས་དོན་དེ་ཤཱཀྱ་རྣམས་ལ་བསྙད་པས། བསྲུང་བར་རིགས་ཞེས་ཐམས་ཅད་བགྲོས་ཏེ་བསྒོ་བཞིར་ཤཱཀྱ་གཞོན་ནུ་ལྔ་བརྒྱར་རེ། ཤིང་རྟ་ལྔ་བརྒྱ་རེ། དཔུང་བུ་ཆུང་ལྔ་བརྒྱ་རེ་དང་བཅས་བཀོད། ཤཱཀྱ་རྒན་རབས་རྣམས་ལམ་གྱི་བཞི་མདོ་དང་། སུམ་མདོར་འཁོད། རྒྱལ་པོའང་མེལ་ཚེ་བྱེད་དོ། །དེའི་ཚེ་གནོད་སྦྱིན་རྣམས་དང་། འཕྲོག་མའི་བུ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་མཆོད་པའི་ལས་བྱེད་དོ། །ལྷའི་བུ་ཆོས་སྤྱོད་ལ་སོགས་པས་བཙུན་མོའི་འཁོར་མི་སྡུག་པར་བསྒྱུར་བ་དེ་ལ་གཟིགས་པས་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ཏེ། ཨེ་མ་སྐྱེ་དགུ་རྣམས་ནི་སྡུག་བསྔལ་གྱུར། །སྲིན་མོའི་ཚོགས་ལ་དགའ་བ་ཇི་ལྟར་རྙེད། །འདོད་པ་ཡོན་ཏན་མེད་ལ་ཡོན་ཏན་འཛིན། །གཏི་མུག་མུན་པས་རབ་བསྒྲིབས་བློ་གྲོས་ངན། །དཔེར་ན་བྱ་ནི་བྱ་རྒྱར་ཆུད་པ་བཞིན། །ནམ་ཡང་འབྱུང་བ་རྙེད་པར་འགྱུར་ཡིན། །ཞེས་གསུངས་ཏེ་མི་སྡུག་པར་སྒོམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་སྨོན་ལམ་འདི་སྐད་བཏབ་སྟེ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྒྲ་བསྒྲག་པར་བྱའོ། །མ་རིག་པའི་མུན་པ་གསལ་བར་བྱའོ། །ང་རྒྱལ་གྱི་རི་བོ་བསྙིལ་བར་བྱའོ། །སྲིད་པའི་མདུད་པ་དགྲོལ་བར་བྱའོ། །ཞེས་དགོངས་ཏེ་ནམ་ཕྱེད་ཀྱི་དུས་ཁང་བཟང་གི་སྟེང་དུ་སོང་སྟེ། སངས་རྒྱས་ཐམས་ཅད་ལ་ཕྱག་བཙལ་ནས་བལྟས་པས། བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་། ཉི་ཟླ་གཉིས་ཀྱང་ཕྱག་འཚལ་ཞིང་འདུག་པ་དང་། སྐར་མ་རྒྱལ་ཤར་བ་ཡང་མཐོང་སྟེ། འདུན་པ་ལ། ང་ཡི་བཀྲ་ཤིས་འདི་ནི་དོན་ཀུན་འགྲུབ། །དོ་ནུབ་གདོན་མི་ཟ་བ་དོན་འགྲུབ་ཀྱི། །འདུན་པ་ཕྱི་བཤོལ་མ་བྱེད་ལ་གོར་དུ། །རྟ་རྒྱལ་རྒྱན་གྱིས་བརྒྱན་པ་ང་ལ་བྱིན། །གསུངས་པ་ན། འདུན་པས་གང་དུ་བཞུད་ཞུས་པས། མངོན་པར་འབྱུང་ངོ་གསུངས། འདུན་པས་ཡང་ཡང་ལྡོག་ཀྱང་མ་གནང་བར། དུས་མ་ལགས་སོ་ཞུས་པས། སེམས་ཅན་རྣམས་ཀྱི་དོན་ནི་འཚོལ་བ་ན། །བྱང་ཆུབ་རྒ་ཤི་མེད་པའི་གནས་ཐོབ་ནས། །འགྲོ་བ་སྒྲོལ་ཞེས་ང་ཡིས་ཡུན་རིང་ནས། །སྨོན་ལམ་བཏབ་པ་དེ་ཡི་དུས་ལ་བབ། །ཅེས་གསུངས་ཤིང་། ལྷའི་བུ་ཡང་དག་བསྐུལ་བ་པོས་ཀྱང་། ད་ནི་མངོན་པར་འབྱུང་བའི་དུས་ལ་བབ་བོ་ཞེས་བསྐུལ། ལྷའི་བུ་ཁ་ཅིག་གིས་སྲུང་མ་རྣམས་མྱོས་པར་བྱས། དེ་ནས་བརྒྱ་བྱིན་གྱིས་བཀྲ་ཤིས་ཀྱི་སྒོ་ཕྱེས། རྟ་ལྔ་ལྡན་ལ་ཆིབས་ལ་རྒྱལ་ཆེན་བཞིས་བཏེགས་ཏེ་ནམ་མཁའ་ལ་བྱོན་པས། ཚངས་པ་དང་བརྒྱ་བྱིན་གྱིས་ལམ་བསྟན། འོད་ཀྱིས་མུན་པ་གསལ། མཆོད་པ་དང་། རོལ་མོ་དང་བཅས་ཏེ་གྱད་ཀྱི་ཡུལ་འདས་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་ཕྱིན་ཏེ། རྟ་དང་རྒྱན་འདུན་པ་ལ་བྱིན་ལ། འདི་དག་ཁྱེར་ལ་སེར་སྐྱར་སོངས་ཤིག་གསུངས། འདུན་པས་བདག་ལ་ཆད་པས་གཅོད་དུ་མཆིའོ་བྱས་པས། ང་ལ་བྱམས་