R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༢ན
[A:༣༢ན] པ་བཞིན་ཁྱོད་ལ་བྱམས་པར་འགྱུར་གྱི་མ་འཇིགས་ཤིག་གསུངས་པ་བཞིན་དེས་ཀྱང་ལོག་སྟེ། བཀོད་པའི་གཏམ་རྣམས་རྒྱལ་པོ་སོགས་ལ་སྨྲས་པས་ཐམས་ཅད་ངོ་མཚར་སྐྱེས། བྱང་ཆུབ་སེམས་དཔའི་མཐུས་མྱ་ངན་ཡང་མེད་པར་གྱུར་ཏོ། །དེར་མཆོད་རྟེན་ཞིག་བརྩིགས་པས་འདུན་པ་སླར་ལོག་གི་མཆོད་རྟེན་ཞེས་གྲགས། དེ་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཞར་བ་ལྷ་རྣམས་ཀྱིས་གདན་དྲངས་ཏེ་མཆོད་རྟེན་བརྩིགས་པས་གཙུག་ཕུད་ཀྱི་མཆོད་རྟེན་དུ་གྲགས། དེར་རབ་བྱུང་གི་ཚུལ་དང་མཐུན་པའི་གོས་ཤིག་རྙེད་ན་རུང་སྙམ་པ་དང་། གནས་གཙང་མའི་ལྷ་རྔོན་པའི་གཟུགས་སུ་སྤྲུལ་པས་ན་བཟའ་ངུར་སྨྲིག་ཕུལ་བ་བཞེས་ཏེ། ས་དེར་མཆོད་རྟེན་བརྩིགས་པས་ངུར་སྨྲིག་བླངས་པའི་མཆོད་རྟེན་ཞེས་ཀྱང་གྲགས། དེ་ལྟར་གཙུག་ཕུད་བཅད། ངུར་སྨྲིག་བགོས་ཏེ་རང་བྱུང་གི་རབ་ཏུ་བྱུང་བར་མཛད་པས་དོན་གྲུབ་རབ་ཏུ་བྱུང་ངོ་ཞེས་པའི་སྒྲ་འོག་མིན་གྱི་བར་དུ་གྲགས་སོ། །དེ་ནས་བྲམ་ཟེ་རིགས་ལྡན་གྱི་གནས་སུ་བསོད་སྙོམས་ལ་བྱོན་ནས་ཡངས་པ་ཅན་ན་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་སློབ་མ་མང་པོ་ལ་ཅི་ཡང་མེད་ཀྱི་སྐྱེ་མཆེད་སྟོན་པ་ཉན་པས་ཚེགས་མེད་དུ་མཁྱེན་ནས་དེ་བས་ལྷག་པའི་ཆོས་ཤིག་འཚོལ་སྙམ་དུ་དགོངས་ཏེ། མ་ག་དྷ་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་སོགས་སུ་བྱོན། རྒྱལ་པོ་གཟུགས་ཅན་སྙིང་པོ་གྲོང་ཁྱེར་བ་དང་བཅས་པ་དད་པར་བྱས། རྒྱལ་པོའི་ཁབ་དེ་ཉིད་ན་རེངས་བྱེད་ཀྱི་བུ་ལྷག་སྤྱོད་སློབ་མ་མང་པོ་ལ་སྲིད་རྩེའི་སེམས་སྟོན་པའི་སར་ཕྱིན་ཏེ་བསླབས་པས་ཁོང་དུ་ཆུད་དེ། འདིས་ནི་མྱང་འདས་སུ་འགྱུར་བ་མ་ཡིན་ནོ་ཞེས་སུན་