R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༢ན
[A:༣༢ན]ཕྱུངས་ཏེ་སོང་ངོ་། །དེའི་ལྔ་སྡེ་ཡང་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲངས་སོ། །དེ་ནས་བརྟུལ་ཞུགས་ངན་པས་དག་པ་སུན་ཕྱུང་བའི་རི་ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་ཏིལ་འབྲུ་གཅིག་དང་འབྲས་འབྲུ་གཅིག རྒྱ་ཤུག་འབྲུ་གཅིག་ལ་བརྟེན་ནས་ལོ་དྲུག་ཏུ་དཀའ་བ་སྤྱད་དེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་ཞུགས་པས། ལྷའི་བུ་ཁག་ཅིག་གིས་ལྷ་མོ་སྒྱུ་འཕྲུལ་མ་ལ་གཞོན་ནུ་ཤིའོ་ཞེས་སྨྲས་པས་ལྷ་མོས་བལྟར་འོངས་ཏེ། བྱང་ཆུབ་སེམས་དཔའི་ལུས་སྐམ་པ་ཤི་བ་དང་འདྲ་བ་མཐོང་བས། ངའི་སྐྱེ་བའི་ཐ་མ་འདིའོ་ཞེས་པའི་དམ་བཅའ་ཡང་མ་རྫོགས། བྲམ་ཟེ་དག་གིས་ལུང་བསྟན་ཀྱང་མི་བདེན་ནོ་ཟེར་ཞིང་སྨྲེ་སྔགས་འདོན་པ་ན། བྱང་ཆུབ་སེམས་དཔས། ཉི་ཟླ་སྐར་ཚོགས་ས་ལ་ལྷུང་འགྱུར་སྲིད། །སོ་སོ་སྐྱེ་བོ་ཡིན་ཡང་ང་མི་འཆི། །དེ་ཕྱིར་འདི་ལ་མྱ་ངན་ཁྱོད་མ་བྱེད། །རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་མཐོང་། །ཞེས་གསུངས་པས་དགའ་སྟེ་རང་གནས་སུ་སོང་ངོ་། །དེའི་ཚེ་བ་གླང་རྫི་རྣམས་ཀྱིས་རྣ་བར་ཤིང་བལ་བཅུག་ནས་སྣར་འབྱིན་པ་ལ་སོགས་པ་བྱེད་ཅིང་། བདུད་ཀྱིས་གླགས་བཙལ་ཀྱང་མ་རྙེད་དོ། །དེ་ནས་དཀའ་ཐུབ་ཀྱིས་གྲོལ་བར་འཛིན་པ་དགག་པའི་ཕྱིར་ཁ་ཟས་རགས་པ་གསོལ་བས། ལྔ་སྡེས་འདི་ནི་ལྷོད་པ། མང་དུ་བཟའ་བ། དཀའ་ཐུབ་ལས་ཉམས་པའོ་ཞེས་བརྗོད་ཅིང་མ་དད་པར་གཞན་དུ་སོང་ངོ་། །དེར་ལྷ་རྣམས་ཀྱིས་གོས་ངུར་སྨྲིག་ཕུལ་བ་བཞེས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་ལུས་མཛེས་པས་དགེ་སྦྱོང་མཛེས་པ་ཞེས་གྲགས། དེ་ནས་ཞིང་པའི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་ཞོའི་ཉིང་ཁུ་ཕུལ་བ་དེ་དག་གསོལ་བས་མཚན་དཔེ་མཆོག་ཏུ་གསལ་ཞིང་འོད་