R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༣ན
[A:༣༣ན]འདོམ་གང་གིས་བརྒྱན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་བདུད་ལས་རྒྱལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པས། ལྷའི་མཐུས་རླུང་དང་ཆར་གྱི་ལམ་ཆགས་ཤིང་ཆག་ཆག་བཏབ། རི་དང་ཤིང་དང་བྱིས་པ་བཙས་མ་ཐག་པ་ཐམས་ཅད་ཀྱང་མགོ་དེ་ཕྱོགས་སུ་སྟོན་ཅིང་། སྟོང་གསུམ་གྱི་བདག་པོ་ཚངས་པས་རང་གི་འཁོར་རྣམས་ལ་དོ་ནུབ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཀྱི་མཆོད་པའི་ལས་གྱིས་ཤིག་ཅེས་བསྒོས་ནས་མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ལོ། །བྱང་ཆུབ་སེམས་དཔས་འོད་བཀྱེ་བ་དེ་ཕོག་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་ཞི་ཞིང་སྣོད་ཀྱི་སྐྱོན་ཐམས་ཅད་སྦྱངས་སོ། །དེ་ནས་རྩྭ་འཚོང་བཀྲ་ཤིས་ལ། བཀྲ་ཤིས་རྩྭ་འདི་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭ་ཡིས་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་རྣམས་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བ་འཐོབ་པར་འགྱུར། །ཞེས་གསུངས་པ་དང་། དེས་ཀྱང་རྩྭ་ཀུ་ཤ་སྔོ་འཇམ་ཡིད་དུ་འོང་བ་ཕུལ་བ་བཞེས་ཏེ། བྱང་ཆུབ་ཀྱི་ཤིང་ལ་ལན་གསུམ་བསྐོར་ཏེ། རྩྭའི་རྩེ་མོ་ནང་དུ་བསྟན། རྩ་བ་ཕྱིར་བསྟན་པ་ལ་ཞལ་ཤར་དུ་ཕྱོགས་པར་བཞུགས་ཏེ། སྐུ་དྲང་པོར་བསྲངས་ནས་དགོངས་པ་མངོན་དུ་བཞག་སྟེ། སྟན་འདིར་བདག་གི་ལུས་འདི་སྐམ་གྱུར་ཏམ། །ཤ་རུས་ལྤགས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལ་ནི་ལུས་བསྐྱོད་མི་བྱའོ། །ཞེས་ཡིད་དམ་བརྟན་པོ་མཛད་པས། ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་ཕྱོགས་བཅུར་འཁོད་དོ། །དེ་ནས་