R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༣བ
[A:༣༣བ]བྱང་ཆུབ་སེམས་དཔས་སྨིན་མཚམས་ནས་འོད་བཀྱེས་པས། ཞིང་ཁམས་དཔག་མེད་སྣང་བར་བྱས་ནས་བྱང་ཆུབ་སེམས་དཔའ་མང་པོ་འདུས་ནས་མཆོད་པ་བྱེད་ཅིང་། སླར་ཡང་བདུད་འཇོམས་པ་ཞེས་བྱ་བའི་འོད་ཟེར་བཀྱེས་པས་བདུད་གནས་ཐམས་ཅད་སྣང་ཞིང་གཡོས། སླར་མོག་མོག་པོར་བྱས་ཏེ། སེམས་ཅན་ཤིན་ཏུ་དག་པ་བསྐལ་མང་སྤྱོད་སྤྱད་པ། །ཟས་གཙང་སྲས་པོས་རྒྱལ་སྲིད་དག་ནི་རབ་སྤངས་ཏེ། །ཕན་བྱེད་དེ་ནི་བདུད་རྩི་མངོན་པར་འདོད་པས་བྱུང་། །བྱང་ཆུབ་ཤིང་དྲུང་འོངས་ཀྱི་དེ་རིང་བསྒྲིན་པར་གྱིས། །ཞེས་པ་ལ་སོགས་པའི་སྒྲ་ཡང་བྱུང་ཞིང་། བདུད་སྡིག་ཅན་ལ་རང་གནས་སུ་མུན་པས་ཁྱབ་པ་སོགས་རྨིས་ཏེ། རང་གི་འཁོར་རྣམས་ལ་སྦྲན། བུ་དེད་དཔོན་གྱིས་ལྡོག་ཀྱང་མ་ལྡོག་པར། གནོད་སྦྱིན་གྲུལ་བུམ་ལྟོ་འཕྱེ་ཆེན་པོའི་གཟུགས། །སྲིན་པོ་ཡིད་དང་ཤ་ཟའི་གཟུགས་དང་བཅས། །འཇིག་རྟེན་མི་སྡུག་དྲག་གཟུགས་ཇི་སྙེད་པ། །ཐམས་ཅད་སྒྱུ་ཡིས་དེར་ནི་སྤྲུལ་པ་བྱ། །ཞེས་པ་ལྟར་སྒྱུ་མ་ལྟ་བུའི་བློ་ཅན་མ་ཡིན་པ་རྣམས་མཐོང་བ་ཙམ་གྱིས་སྙིང་འགས་པར་འགྱུར་བ། ཁ་བཞིན་དམར་ལ་ལུས་པོ་སེར་བ་དང་། །ལུས་པོ་དམར་ལ་ཁ་བཞིན་སེར་བ་དང་། །མགོ་གཅིག་མགོ་གཉིས་མགོ་གསུམ་ལྡན་པ་དང་། །མགོ་སྟོང་བྱེ་བའི་བར་ལྡན་རབ་ཏུ་མང་། །ཞེས་པ་ལྟར་གྱི་ལུས་ཅན་མཚོན་ཆ་སྣ་ཚོགས་འཛིན་པའི་དམག་ས་ཡ་སུམ་ཅུ་ལྷགས་ཏེ། གཡས་ཕྱོགས་ནས་བྱང་ཆུབ་སེམས་དཔའ་ལ་དགའ་བ་རྣམས་ཀྱིས་བཟློག གཡོན་ནས་མི་དགའ་རྣམས་ཀྱིས་བསྐུལ་ཏེ། ཕྱོགས་རྣམས་ཀུན་ནས་རི་ཡི་ཕྲེང་བ་དང་། །མཁའ་