[A:༣༤ན]ལས་བྲག་དང་མཚོན་གྱི་ཆར་པ་དང་། །རྡོ་རྗེ་འབར་བའི་ཚོགས་ཆར་འབབ་པ་ཡིས། །ཤཱཀྱའི་བུ་དེ་ཐལ་བར་བརླག་པར་བྱ། །ཞེས་ཟེར་ཞིང་མཚོན་ཆ་སོགས་ཆར་བཞིན་དུ་བར་མཚམས་མེད་པར་བབས་ཀྱང་། ཤཱཀྱའི་སྲས་པོས་ཆོས་རྣམས་རྟེན་འབྱུང་བ། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས། །ནམ་མཁའ་ལྟ་བུའི་སེམས་དང་རབ་ཏུ་ལྡན། །དཔུང་བཅས་གཡོ་སྒྱུ་མཐོང་ཡང་ཉེས་པ་མེད། །ཅེས་པ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་མཐུས་གནོད་པ་མེད་ཅིང་མཚོན་ཆ་རྣམས་མེ་ཏོག་གི་ཆར་དུ་གྱུར་པ་དང་། བདུད་ན་རེ། ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཐར་པ་ག་ལ་ཐོབ་ཟེར་བ་ལ། བྱང་ཆུབ་སེམས་དཔས། ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་བྱས་པས་འདོད་པའི་དབང་ཕྱུག་ཏུ་གྱུར་པ་ཡིན། ངས་གཏན་པ་མེད་པའི་མཆོད་སྦྱིན་དུ་མ་བྱས་སོ་ཞེས་གསུངས་པས། བདུད་ཀྱིས། སྔོན་ཆད་ཁོ་བོའི་མཆོད་སྦྱིན་ཁ་ན་མ་ཐོ་མེད། །གཏན་པ་མེད་པ་བྱས་པའི་དཔང་དུ་ཁྱོད་འདིར་ཡོད། །འདིར་ནི་ཁྱོད་ལ་དཔང་པོ་གང་ཡང་ཡོད་མིན་པས། །སྨྲས་ཀྱང་ཕན་པ་ཅི་ཡོད་ཁྱོད་ནི་ཕམ་པར་གྱུར། །ཟེར་བ་ན། བྱང་ཆུབ་སེམས་དཔས་ཕྱག་གཡས་པ་ས་ལ་བརྡབས་ཏེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་བརྫུན་མེད། །འདི་ལ་ཁྱོད་ཀྱི་དཔང་བྱོས་ཤིག་ཅེས་གསུངས་པས། ས་རྣམ་པ་དྲུག་ཏུ་གཡོས་པའི་གསེབ་ནས་སའི་ལྷ་མོ་ལུས་ཕྱེད་ཕྱུང་ནས་ཐལ་མོ་སྦྱར་ཏེ། སྐྱེས་བུ་ཆེན་པོ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། །འོན་ཀྱང་བཅོམ་