R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༤བ
[A:༣༤བ]ལྡན་འདས་ཉིད་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་དཔང་དུ་གྱུར་པ་ལགས་སོ། །ཞེས་སྨྲས་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས། གཡོན་ཅན་དཔུང་བཅས་ས་སྒྲ་དེ་ཐོས་པས། །ནགས་སུ་སེང་གེའི་སྒྲ་བསྒྲགས་ཝས་ཐོས་དང་། །བྱ་རོག་རྡོ་འཕངས་མདོ་ལ་བྱེར་བ་བཞིན། །དངངས་སྐྲག་སྙིང་གས་ཐམས་ཅད་རབ་ཏུ་བྱེར། །ཞེས་པ་ལྟར་ཕྱོགས་སུ་བྱེར་རོ། །དེ་ནས་སྡིག་ཆེན་ཡིད་མ་དགའ་ནས་བདུད་ཀྱི་བུ་མོ་རྣམས་ཉམས་སད་དུ་བཏང་བས། དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་མདུན་དུ་ཕྱིན་ཏེ་གཡོ་སྒྱུ་སྣ་ཚོགས་བསྟན་ཀྱང་བསླུ་མ་ནུས་པས་སྡིག་ཅན་ཤིན་ཏུ་ཡིད་མ་དགའ་བ་ན། ཤིང་གི་ལྷ་དཔལ་ལྡན་སོགས་ཀྱིས། ཁྱོད་ནི་དགུང་ཟླ་ཡར་གྱི་ངོ་ལྟར་མཛེས་པའོ། །ཞེས་སོགས་ཀྱིས་བྱང་ཆུབ་སེམས་དཔའ་ལ་བསྟོད་པ་དང་། གནས་གཙང་མའི་རིགས་ཀྱི་ལྷ་དག་གིས། སྡིག་ཅན་ཁྱོད་ནི་གླང་རྒན་འདམ་དུ་བྱིང་བ་ལྟར་ཉམ་ཆུང་བའོ། །ཞེས་སོགས་ཀྱིས་སྨད་ཅིང་བཟློགས་ཀྱང་བདུད་ཀྱི་དམག་གྲངས་ཇི་སྙེད་པ་ཡོད་དོ་ཅོག་སྦྲན་ཏེ་སོང་ནས་མཚོན་ཆར་སྣ་ཚོགས་འཕངས་ཤིང་ཆོ་འཕྲུལ་སྣ་ཚོགས་བསྟན་ཀྱང་གླགས་མ་རྙེད་པ་ཐམས་ཅད་འཐོར་ནས་ཞག་བདུན་དུ་མ་འཕྲད། དེའི་ཚེ་བདུད་མང་པོས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔས་ནམ་གྱི་སྟོད་ལ་བསམ་གཏན་བཞི་མངོན་དུ་མཛད། གུང་ལ་མངོན་ཤེས་རྣམས་བསྐྱེད་ནས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཁའི་ཚེ་ཟག་མེད་ཀྱི་ཡེ་ཤེས་མངོན་དུ་བྱས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ཏེ། ལམ་གྱི་རྒྱུད་ནི་ཆད་དོ་ཞེས་སོགས་ཆེད་དུ་བརྗོད། ལྷ་རྣམས་ཀྱིས་མེ་ཏོག་པུས་ནུབ་ཙམ་དུ་