[A:༣༥ན]གཏོར་ཏེ་མཆོད། ལྷའི་བུ་མོ་རྣམས་ཀྱིས་བསྟོད། འོད་ཀྱིས་འཇིག་རྟེན་སྣང་བར་བྱས། ས་རྣམ་པ་དྲུག་ཏུ་གཡོས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་། བདག་ཅག་ཇི་ལྟར་སངས་རྒྱས་པ། །དེ་ལྟ་ཁོ་ནར་ཁྱོད་སངས་རྒྱས། །དཔེར་ན་མར་དང་མར་ཉིད་ཀྱི། །ཉིང་ཁུ་མཚུངས་པ་བཞིན་དུ་གྱུར། །ཅེས་གསུངས་ཤིང་། ཉིད་ཀྱི་གསུང་གིས་ཀྱང་། བསོད་ནམས་རྣམ་སྨིན་བདེ་ཞིང་སྡུག་བསྔལ་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མངོན་སངས་རྒྱས། །མྱ་ངན་འདས་ཤིང་བསིལ་བའི་དངོས་པོ་ཐོབ། །ཅེས་ཆེད་དུ་བརྗོད་དོ། །ཞག་བདུན་ཕྲག་དང་པོ་ལ་སྐྱིལ་ཀྲུང་མ་བཤིག་པར་བྱང་ཆུབ་ཀྱི་ཞིང་ལ་གཟིགས། གཉིས་པ་ལ་སྟོང་གསུམ་རིང་དུ་འཆག གསུམ་པ་ལ་བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམ་པར་གཟིགས། བཞི་པ་ལ་ཤར་ནུབ་ཀྱི་བར་དུ་རྒྱང་མི་རིང་བར་འཆག བདུད་ཀྱིས་མྱ་ངན་ལས་འདའ་བར་ཞུས་ཀྱང་གདུལ་བྱའི་དོན་མ་ཟིན་གྱི་བར་དུ་མྱ་ངན་ལས་མི་འདའ་བར་ཞལ་གྱིས་བཞེས། བདུད་ཀྱི་བུ་མོ་དགའ་མ་སོགས་བསླུར་བྱུང་བ་ན་རྒན་མོར་མཛད། བདུན་ཕྲག་ལྔ་པ་ལ་ཀླུ་བཏང་བཟུང་བའི་གནས་སུ་བཞུགས་སོ། །དྲུག་པ་ལ་ཤིང་ནྱ་གྲོ་དྷ་སྐྱོང་དུ་བཞུད་དེ། ཀུན་ཏུ་རྒྱུ་རྣམས་ལ། ཆོས་ཐོས་པ་དང་མཐོང་བ་དང་། །དབེན་པར་དགའ་བ་བདེ་བ་ཡིན། །སྲོག་ཆགས་འབྱུང་པོ་རྣམས་ལ་གདམས། །གནོད་པ་མི་བྱེད་འཇིག་རྟེན་བདེ། །ཞེས་སོགས་གསུངས། བདུན་པ་ལ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་ཏེ། ཚོང་པ་ག་གོན་དང་བཟང་པོས། སྦྲང་རྩི་