[A:༣༥བ]དང་། སྐྱོ་མ་དང་། བུ་རམ་ཤིང་བཤུས་པ་དག་ཕུལ་བ་ན། སྔོན་གྱི་སངས་རྒྱས་རྣམས་ཀྱིས་སྣོད་ཇི་ལྟ་བུར་བཞེས་དགོངས་པ་དང་། རྒྱལ་ཆེན་བཞིས་གསེར་ལ་སོགས་པའི་ལྷུང་བཟེད་ཕུལ་བ་མ་བཞེས། རྣམ་སྲས་ལ་རྡོའི་ལྷུང་བཟེད་བཞི་ཡོད་པ་རྒྱལ་ཆེན་བཞིས་རེ་རེ་བཟུང་རིན་པོ་ཆེས་བཀང་ནས་ཕུལ་བས། བདེ་བར་གཤེགས་ལ་ལྷུང་བཟེད་ཕུལ་ཅིག་དང་། །ཁྱོད་ནི་ཐེག་པ་མཆོག་གི་སྣོད་དུ་འགྱུར། །ང་འདྲ་དག་ལ་ལྷུང་བཟེད་ཕུལ་བ་ཡིས། །དྲན་དང་བློ་གྲོས་ནམ་ཡང་ཉམས་མི་འགྱུར། །ཞེས་གསུངས་ཏེ་བཞེས་ནས་བཞི་ཆ་གཅིག་ཏུ་བྱིན་གྱིས་བརླབས་པ་བླངས་སོ། །དེ་ནས་ག་གོན་དང་བཟང་པོས་བ་སྟོང་གི་སྤྲིས་མ་བཞོས་ནས་རིན་པོ་ཆེའི་གཞོང་པར་བླུགས་ཏེ་ཕུལ་བ་གསོལ་ནས་གཞོང་པ་བོར་བ་ཚངས་པས་ཁྱེར། དེ་ནས་སྟོན་པས། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱོད་ཀྱི་དོན་རྣམས་འགྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཅེས་སོགས་ཀྱིས་ཤིས་པ་བརྗོད་དེ། སྦྲང་རྩི་འབྱུང་བ་ཞེས་བྱ་བའི་རྒྱལ་བར་ལུང་བསྟན། དེ་ནས་སྟོན་པ་ཐུགས་ལས་ཆུང་ངུར་བཞུགས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབས་གནས་པར་བྱ་བ་སྙམ། །ཞེས་དགོངས་ཤིང་། འཇིག་རྟེན་ཀུན་ལ་སྙིང་བརྩེ་མཐའ་ཡས་ང་། །གཞན་གྱིས་གསོལ་བ་བཏབ་ལ་ང་མི་སྟོན། །སྐྱེ་བོ་འདི་དག་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བ་བཏབ་ན་འཁོར་ལོ་བསྐོར། །སྙམ་དུ་དགོངས་ཏེ་འོད་ཟེར་བཀྱེ་བས། སྟོང་