[A:༣༦ན]གསུམ་གྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་གྱིས་གྲོགས་སྦྲན་ཏེ་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་བཅས་པས་ཐལ་མོ་སྦྱར་ཏེ། ཡེ་ཤེས་ཆེན་མོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པདྨ་ཁ་འབྱེད་པ། སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྙོམས་བཞུགས། །ཞེས་སོགས་ཀྱིས་བསྐུལ་ནས། ཅང་མི་གསུངས་བར་གནང་ངོ་། །སླར་ཡང་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར་ཡང་ཡང་གསོལ་བ་བཏབ་པའི་སླད་དུ། ཐུགས་ལས་ཆུང་ངུ་ལ་གཞོལ་བར་མཛད་དོ། །དེ་ཚངས་པས་ཤེས་ནས་བརྒྱ་བྱིན་སྦྲན་ནས། བརྒྱ་བྱིན་གྱིས། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱི་ཐུགས་ནི་ཤིན་ཏུ་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་པ་དང་། ཚངས་པས་ཀྱང་ཀུན་ཏུ་འཚལ་བར་གྱུར་པ་མཆིས་ལགས་ཀྱི། ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །ཞེས་གསོལ་བ་བཏབ་པ་ན། སྟོན་པས། སྐྱེ་དགུ་འདོད་པ་རྣམས་ཀྱིས་བཅིངས། །རྒྱུན་གྱིས་རབ་ཏུ་བདས་པ་ཡིན། །ངས་ནི་ཚེགས་ཆེན་པོ་ཡིས་རྙེད། །དེ་ལྟ་བས་ན་བསྟན་མི་ཕན། །ཞེས་གསུངས་པ་ན། སླར་ཡང་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ། མ་ག་དྷ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མས་རྗེས་སུ་འབྲེལ་བ་བྱུང་། །བདུད་རྩིའི་སྒོ་མོ་དབྱེ་བར་མཛོད་ཅིག་ཆོས། །རྡུལ་བྲལ་དྲི་མ་མེད་པ་བསྟན་དུ་གསོལ། །ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་འཇིག་